གཟའ་ཕུར་བུ། ༢༠༡༡ ཟླ་༣ པའི་སྤྱི་ཚེས་༣

གཞལ་སྒང་གི་ ཁ་རི་མུ་ཟ་ཚུ་ ཐིམ་ཕུག་ལུ་ བཙོང་ནི་ཨིནམ།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༨

༉ གཞལ་སྒང་གི་ ཁ་རི་མུ་ཟ་འདི་ ད་རུང་རང་ ཐིམ་ཕུག་ཁྲོམ་ཁར་ བཙོང་པར་འབག་ཆོགཔ་སྦེ་ འགྱོ་སྟེ་འདུག

ཁེངས་རིག་རྣམ་གསུམ་མཉམ་ལས་ཚོགས་སྡེ་གིས་ ན་ཧིང་ ཁ་རི་མུ་ཟ་ས་ཆ་ཨེ་ཀར་༢་ཀྱི་ནང་ལུ་ མོ་བཏབ་ཐོག་ལས་ བཙུགས་མི་འདི་ འབྲས་བུ་ལུགས་ཤོམ་སྦེ་ བཏགས་ནི་འདི་གིས་ ད་རེས་ སྡེ་ཚན་འདི་གིས་ ནང་སྐོར་རྒེད་འོག་ནང་ལུ་ ཞིང་སྟོངམ་ ཨེ་ཀར་༧་ལྷགཔ་ཅིག་ཡོད་ས་ལུ་ བཙུགས་ཏེ་འདུག

འདི་འབདཝ་ལས་ སྡེ་ཚན་འདི་དང་འཁྲིལཔ་ད་ ཁ་རི་མུ་ཟ་ཚུ་ ཐིམ་ཕུག་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ལུ་ དུས་ཅི་ སྤྱི་ཟླ་༥་པའི་ནང་ལུ་ ལྷོད་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ དུས་ཅི་ ཁ་རི་མུ་ཟ་འདི་ ན་ཧིང་དང་འཕྱདཔ་ད་ སྦོམ་སུ་ཅིག་སྦེ་ འོང་ནི་བཟུམ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ འཐོན་ཤུགས་ཡང་ དུས་ཅི་ ཁ་རི་མུ་ཟ་ ཊཱན་༤༠་དེ་ཅིག་ བསྡུ་ཚུགས་པའི་ རེ་བ་འདུག

ཁ་རི་མུ་ཟ་བཙུགས་ནི་གི་ལཱ་ཚུ་ ག་ར་ སྡེ་ཚན་འདི་གི་ ན་གཞོན་འཐུས་མི་༡༢་ཀྱིས་ འབད་དོ་ཡོདཔ་ཨིན་མས།

ད་རུང་ ཁེངས་རིག་རྣམ་གསུམ་མཉམ་ལས་ཚོགས་སྡེ་འདི་གིས་ ཁ་རི་མུ་ཟ་གི་མ་དོ་བར་ ནམ་དགུན་གྱི་ ཚོད་བསྲེ་དང་ ཤིང་འབྲས་ དེ་ལས་ གཞན་མི་དངུལ་ཐོག་གི་ལཱ་ཚུ་ཡང་ འབདཝ་ཨིན་མས།

གཞལ་སྒང་ལུ་ ཁ་རི་མུ་ཟ་གི་ལཱ་འདི་ འགོ་དང་པ་རང་ ན་ཧིང་ ཀྲོང་རྒེད་འོག་གི་ བེར་ཏི་གཡུས་ཚན་ནང་ལུ་འབད་མི་འདི་ཨིན་མས།