གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ཨ་ལོ་སྨད་སྐྱེ་དང་ ཨ་ལོ་སྐྱེ་བའི་བསྒང་ལས་རང་ ཤི་མི་གི་གནད་དོན་འདི་ སེལ་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༧

 

༉ འདས་པའི་རྩིས་ལོ་ནང་ལུ་ རྫོང་ཁག་ག་ར་གིས་ གཞུང་སྐྱོང་མཆོག་འགྱུར་གྱི་དམིགས་ཡུལ་ མང་ཤོས་ཅིག་ར་ གྲུབ་ཏེ་ཡོདཔ་ཨིན་རུང་ ཨ་ལོ་སྐྱེས་བའི་བསྒང་ལས་རང་ ཤི་རྐྱེན་བྱུང་མི་དང་ ཨ་ལོ་སྨད་སྐྱེས་ ཤི་རྐྱེན་བྱུང་མི་གི་གནད་དོན་འདི་ གདོང་ལེན་ཅན་ཅིག་སྦེ་ ལུས་ཏེ་ཡོདཔ་ཨིན།

འདི་ཡང་ ཁ་ཉིནམ་ བུམ་ཐང་ལུ་སྦེ་ བློན་ཆེན་དང་གཅིག་ཁར་ ད་རེས་ཀྱི་ རྩིས་ལོ་གི་དོན་ལས་ གཞུང་སྐྱོང་མཆོག་འགྱུར་གྱི་ འགན་ཡིག་གུར་ མཚན་རྟགས་བཀོད་པའི་སྐབས་ རྫོང་ཁག་༢༠གི་ རྫོང་བདག་ཚུ་གིས་ སྙན་ཞུ་ཕུལ་མི་ནང་ལུ་ བཀོད་དེ་ཡོདཔ་ཨིན།

རྫོང་ཁག་༢༠གི་གྲལ་ལས་ རྫོང་ཁག་༡༤གི་ནང་ ཨ་ལོ་སྨད་སྐྱེས་ལུ་ ཤི་རྐྱེན་བྱུང་ཡོདཔ་དང་ རྫོང་ཁག་༦གི་ནང་ལུ་ ཨ་ལོ་སྐྱེས་ལོ་༥མེན་ཆད་འབད་མི་ལུ་ ཤི་རྐྱེན་བྱུང་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན།

འདི་བཟུམ་སྦེ་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ རྩི་རང་རྫོང་ཁག་ཚུ་ནང་ལུ་ ཨ་ལོ་སྐྱེས་བའི་སྐབས་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྙན་ཞུ་ཚུ་འབད་ནུག

མ་གཞི་གིས་ གཞུང་སྐྱོང་མཆོག་འགྱུར་གྱི་འགན་ཡིག་གུ་ལུ་ མཚན་རྟགས་བཀོད་པའི་སྐབས་ རྫོང་ཁག་ག་ར་གིས་ ཨ་ལོ་སྨད་སྐྱེས་ལུ་ཤི་རྐྱེན་བྱུང་མི་དང་ ཨ་ལོ་སྐྱེས་བའི་སྐབས་ལུ་ ཤི་རྐྱེན་བྱུང་མི་འདི་ མ་པ་ལས་མེདཔ་སྦེ་བཟོ་ནི་གི་ དམིགས་ཡུལ་སྐྱེད་དེ་ཡོདཔ་སྦེ་ཨིན།

བློན་ཆེན་ དྲག་ཤོས་ ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ གཞུང་གི་ཁ་ཐུག་ལས་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ལུ་ དུས་དང་དུས་སུ་ སྨན་ཁང་ནང་འགྱོ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་མས།

འདི་བཟུམ་སྦེ་ བློན་ཆེན་གྱིས་གསུང་མི་ནང་ ཁོང་ཨམ་སྲུ་ཆ་ཁྱབ་ལུ་ ཨ་ལོ་སྐྱེ་བའི་སྐབས་ བློ་འབུར་གྱི་གནད་དོན་རེ་འཐོན་པ་ཅིན་ གནམ་གྲུ་གི་ཞབས་ཏོག་ཚུ་ཡང་ བྱིན་འོང་ཟེར་ སླབ་སྟེ་ཡོདཔ་སྦེ་ཨིན་མས།

ད་རུང་ བློན་ཆེན་གྱིས་ ལོ་༥མེན་ཆད་འབད་མི་ ཨ་ལོ་ཚུ་ལུ་ ཤི་རྐྱེན་འབྱུང་མི་གི་གནད་དོན་འདི་ གོང་འཕེལ་འགྱོ་ཚར་བའི་རྒྱལ་ཁབ་ ཡུ་ཨེསི་དང་ ཇ་པཱན་རྒྱལ་ཁབ་ནང་ལུ་ཡང་ སེལ་མ་ཚུགས་པར་ཡོད་ཟེར་ཨིན་རུང་ རྒྱལ་ཁབ་ནང་ལུ་ འདི་བཟུམ་གྱི་གནད་དོན་ མ་པ་ལས་རང་མེདཔ་སྦེ་ བཟོ་ནི་ལུ་ སེམས་ཤུགས་སྐྱེད་དགོ་ཟེར་གསུང་སྟེ་ཡོདཔ་ཨིན།

རྫོང་ཁག་མང་ཤོས་ཅིག་གི་ར་ སོ་ནམ་དང་ཤེས་རིག་ལས་ཚན་ཚུ་ནང་ལུ་ དམིགས་ཡུལ་སྐྱེད་དེ་ཡོད་མི་ཚུ་ གྲུབ་ཏེ་ཡོདཔ་ཨིན།

རྫོང་བདག་ཚུ་གིས་བཀོད་མི་ནང་ ཨ་ལོ་སྨད་སྐྱེས་ལུ་ཤི་རྐྱེན་བྱུང་མི་དང་ ཨ་ལོ་སྐྱེས་བའི་སྐབས་ལུ་ ཤི་རྐྱེན་བྱུང་མི་འདི་ མ་པ་ལས་མེདཔ་བཟོ་ནི་ལུ་ གདོང་ལེན་བྱུང་པ་གི་མ་ཚད་ རང་སྲོག་བཅད་མི་གི་གྱངས་ཁ་ཡར་སེང་འགྱོ་མི་དང་ སློབ་གྲྭ་ལྟེ་བ་ཚུ་ནང་གི་སློབ་ཕྲུག་ཚུ་ལུ་ བདུན་ཕྲག་རེ་ནང་ སྒོང་རྡོག་གསུམ་རེ་བྱིན་ནི་གི་ དམིགས་ཡུལ་གྲུབ་མ་ཚུགས་མི་ དེ་ལས་ ཆང་ལས་བརྟེན་ཏེ་ ཤི་རྐྱེན་བྱུང་མི་དང་ སྒོ་ནོར་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མ་ཚུགས་པའི་ གདོང་ལེན་ཚུ་ཡང་ཡོདཔ་སྦེ་ཨིན་མས།

ཁ་ཉིནམ་ གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུར་ མཚན་རྟགས་བཀོད་དེ་ཡོད་མི་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གསུམ་གྱིས་ཡང་ དམིགས་ཡུལ་མང་ཤོས་ཅིག་ར་ གྲུབ་ཏེ་ཡོདཔ་ཨིན།