འབྱིད་སྐོར་རྐྱབ་ཡོད་པའི་དོགས་པ་ལུ་བརྟེན་ ཕོ་སྐྱེས་ཅིག་ དོ་དམ་འོག་ལུ་བཞག་ཡོདཔ།

 ༉ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ བསམ་རྩེ་ལས་ སྐྱེ་ལོ་༤༠ ལང་མི་ཕོ་སྐྱེས་ཅིག་གིས་ དགེ་ལེགས་ཕུག་གི་ཚོང་པ་༢ འབྱིད་སྐོར་རྐྱབ་ཡོད་པའི་དོགས་པ་ལུ་བརྟེན་ དོ་དམ་འོག་ལུ་བཞག་སྟེ་འདུག

འདི་ཡང་ དོགས་པ་ཅན་ཕོ་སྐྱེས་འདི་གིས་ དུས་ཅི་ སྤྱི་ཟླ་དང་པའི་ནང་ ཅ་དམ་འགོ་དཔོན་ཨིནམ་བཟོ་སྟེ་ ཚོང་པ་གཉིས་ཀྱི་ནང་ལས་ དངུལ་ཀྲམ་སྟོང་ཕྲག་༩༨ ལེན་འབག་ཡོདཔ་ད་ ཁོང་ཚོང་པ་གཉིས་ཀྱིས་ ཕོ་སྐྱེས་འདི་ ཅ་དམ་འགོ་དཔོན་མེན་པས་ཟེར་ ཤུལ་ལས་རྐྱངམ་གཅིག་ཧ་གོ་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཕོ་སྐྱེས་འདི་ སྤྱི་ཟླ་འདི་གི་སྤྱི་ཚེས་༥ གི་ཚེས་ དབང་འདུས་ཕོ་བྲང་ལས་ བཟུང་ཡོདཔ་ཨིན་མས།

དོགས་པ་ཅན་ཕོ་སྐྱེས་འདི་གིས་ མོང་སྒར་ཚོང་ལས་ཀྱི་ཇོ་བདག་ པྲེམ་ཀུ་མར་གུ་རུང་ནང་ལས་ དངུལ་ཀྲམ་སྟོང་ཕྲག་༥༨ ལེན་འབག་སྟེ་ཡོདཔ་སྦེ་ཨིན་མས།

ཁོ་གིས་སླབ་མི་ནང་ དོགས་པ་ཅན་ཕོ་སྐྱེས་འདི་གིས་ ཁོ་ར་ ཅ་དམ་འགོ་དཔོན་ཨིན་ཟེར་སླབ་སྟེ་སྦེ་ ཏི་རུ་ལེན་འབག་ཡི་ཟེར་བཤད་ཅི།

དེ་ལས་ ཉམས་རྒུདཔ་གཅིག་འདི་ ཨོ་ལི་ཚོང་ལས་ཀྱི་ཇོ་བདག་ མོཎ་པར་སཌ་ཨིནམ་ད་ ཁོ་གི་ནང་ལས་ཡང་ དངུལ་ཀྲམ་སྟོང་ཕྲག་༤༠ ལེན་འབག་ཡོདཔ་ཨིན་མས།

ཉམས་རྒུདཔ་མོཎ་པྲར་སཌ་གིས་སླབ་མི་ནང་ དོགས་པ་ཅན་ཕོ་སྐྱེས་འདི་གིས་ ཁོ་ལུ་ ཅ་དམ་འགོ་དཔོན་ཨིན་ཟེར་ བརྒྱུད་འཕྲིན་ལྷོད་དེ་ཡོདཔ་སྦེ་ཨིན་མས།

འདི་གི་ཤུལ་ལས་ ཁོ་གིས་ དངུལ་འདི་ ཨེམ་བྷོཔ་གི་ཐོག་ལས་ བཙུགས་བཏང་ད་ཡི་ཟེར་ཨིན་རུང་ ཤུལ་ལས་ ཅ་དམ་འགོ་དཔོན་ཚུ་ལུ་ བདེན་དཔྱད་འབད་བལྟཝ་ད་ ཅ་དམ་འགོ་དཔོན་ག་གིས་ཡང་ བརྒྱུད་འཕྲིན་བཏང་བཏངམ་མེད་ཟེར་སླབ་ནུག

ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ དོགས་པ་ཅན་འདི་གིས་ དབང་འདུས་ཕོ་བྲང་རྫོང་ཁག་ ན་ཧི་ལས་ ཨང་རྒས་ཅིག་གི་སིམ་ཀཌ་ལག་ལེན་འཐབ་སྟེ་ བརྒྱུད་འཕྲིན་བཏང་སྟེ་ཡོདཔ་སྦེ་མཐོང་ནུག

ད་རུང་ དོགས་པ་ཅན་འདི་གིས་ ཚོང་པ་གཉིས་ཀྱི་ནང་ལས་ དངུལ་ཚུ་ཡང་ ཆ་རོགས་བཟོ་སྟེ་ཡོད་པའི་ གླ་འཁོར་དེད་གཡོགཔ་འདི་གི་ རྩིས་ཁྲ་ནང་ལུ་ བཏང་བཅུག་སྟེ་ཡོདཔ་སྦེ་ཨིན་མས།

དེ་ལས་ དོགས་པ་ཅན་ཕོ་སྐྱེས་འདི་གིས་ གླ་འཁོར་དེད་གཡོགཔ་འདི་ལུ་ དངུལ་ཚུ་ དབང་འདུས་ཕོ་བྲང་ལུ་སྡོད་མི་ ཚོང་པ་ཅིག་གི་རྩིས་ཁྲ་ནང་ བཏང་བཅུག་སྟེ་ཡོདཔ་ཨིན་མས།

འདི་གི་ཤུལ་ལས་ དོགས་པ་ཅན་ཕོ་སྐྱེས་འདི་གིས་ ཚོང་པ་འདི་གི་ཚོང་ཁང་ནང་ལས་ ཉོ་ཚོང་རྐྱབ་ཞིནམ་ལས་ དངུལ་ལྷག་ལུས་ཚུ་ ལེན་འབག་སྟེ་ཡོདཔ་སྦེ་མཐོང་ནུག

འདི་འབདཝ་ལས་ དོགས་པ་ཅན་ཕོ་སྐྱེས་འདི་ལུ་ འགོ་དཔོན་རྫུས་མ་བཟོ་མི་དང་ གཡོ་སྒྱུ་ཅན་གྱི་བྱ་ངན་འབད་ཡོད་པའི་ ཉེས་འཛུགས་བཀལ་ཏེ་འདུག

ཁྲིམས་སྲུང་འགག་པ་གིས་སླབ་མི་ནང་ དོགས་པ་ཅན་ཕོ་སྐྱེས་འདི་གིས་ གཞན་མི་རྫོང་ཁག་ཚུ་ནང་གི་ མི་ཚུ་ལུ་ཡང་ འབྱིད་སྐོར་རྐྱབ་ཡོད་པའི་ དོགས་པ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཀརྨ་དབང་འདུས། དགེ་ལེགས་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube