མི་འབུམ་༡དང་སྟོང་ཕྲག་༧༠ལྷགཔ་ཅིག་ལུ་ སྨན་ཁབ་ཁ་སྐོང་རྐྱབ་ཚར་ཏེ་ཡོདཔ།

༉ གསོ་བའི་ལྷན་ཁག་གི་ གཙོ་རིམ་ཅན་གྱི་སྡེ་ཚན་ནང་ལུ་ཚུད་མི་ མི་ཡུདཔ་ཅིག་ བརྒྱ་ཆ་༩༠ལྷགཔ་ཅིག་གིས་རང་ ནད་གཞི་ཀོ་ཝིཊ་ནའིན་ཊིན་གྱི་དོན་ལུ་ སྨན་ཁབ་ཁ་སྐོང་རྐྱབ་ཚར་ཏེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ མི་འབུམ་༡དང་སྟོང་ཕྲག་༧༠ལྷགཔ་ཅིག་ལུ་ སྨན་ཁབ་ཁ་སྐོང་རྐྱབ་ཚར་ཏེ་ཡོད་རུང་ ལྷན་ཁག་གི་དམིགས་གཏད་འདི་ བརྒྱ་ཆ་༧གྱིས་ སྒྲུབ་མ་ཚུགས་པས།

མ་གཞི་ གསོ་བའི་ལྷན་ཁག་གིས་ བདུན་ཕྲག་གཅིག་གི་ལས་རིམ་འདི་ནང་ལུ་ མི་འབུམ་༡དང་སྟོང་ཕྲག་༨༥ལུ་ སྨན་ཁབ་ཁ་སྐོང་རྐྱབ་ནི་སྦེ་ དམིགས་གཏད་བསྐྱེད་ནུག

བདུན་ཕྲག་གཅིག་གི་རིང་ལུ་འགོ་འདྲེན་འཐབ་མི་ ཁ་སྐོང་སྨན་ཁབ་རྐྱབ་ནི་གི་ལས་རིམ་འདི་ ཁ་ཙ་ མཇུག་བསྡུ་ནུག

གསོ་བའི་ལྷན་ཁག་འདི་གིས་ སྨན་ཁབ་ཁ་སྐོང་རྐྱབ་ནི་གི་ལས་རིམ་འདི་ཡང་ རྒྱལ་ཁབ་གཞན་ཁ་ལས་ཕར་ བསྒྱུར་བཅོས་འགྱོ་སྟེ་ཡོདཔ་སྦེ་བཤད་མི་ ནད་འབུཔ་ཨོ་མི་ཀོརན་འཕྱེལ་འགྱོ་བའི་ནམ་དུས་ལུ་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།

འདི་ཡང་ ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ས་སྒོ་ནང་ལུ་སྡོད་མི་ སྐྱེས་ལོ་༡༨ཡན་ཆད་འབད་མི་དང་ སྐྱེས་ལོ་༦༥ཡན་ཆད་འབད་མི་རྒས་ཤོས་ཚུ་དེ་ལས་ གསོ་བའི་ལས་བྱེདཔ་དང་ནད་གཞི་ཡོད་མི་ འདི་བཟུམ་སྦེ་ སྐྱེས་ལོ་༡༨ཡན་ཆད་འབད་དེ་ འགྲོ་འགྲུལ་འཐབ་མི་ཚུ་ལུ་ཡང་ རྐྱབ་སྟེ་ཡོདཔ་ཨིན་མས།

སྨན་ཁབ་ཁ་སྐོང་རྐྱབ་ཚར་ནི་འདི་གིས་ མི་ཚུ་གིས་ ད་ལས་ཕར་ ནད་ཡམས་ཀྱི་ཉེན་ཁ་ཆུང་བའི་ས་སྒོ་ཚུ་ནང་ལས་ཕར་རྒྱུན་འགྲུལ་འཐབ་ད་ལུ་ བདུན་ཕྲག་གཅིག་གི་རིང་སྡོད་དགོ་མི་ཟུར་བཞག་གི་ལམ་ལུགས་འདི་ བསྒྱུར་བཅོས་འགྱོ་བའི་རེ་བ་འདུག

ཨིན་རུང་ ཁྱད་རིག་བསླབ་སྟོན་སྡེ་ཚན་གྱི་འཐུས་མི་གཅིག་དང་འཁྲིལ་བ་ཅིན་ འཛམ་གླིང་ནང་ལུ་ ད་རེས་ ནད་འབུཔ་ཨོ་མི་ཀོརན་འཕྱེལ་འགྱོ་བའི་ནམ་དུས་ལུ་ ཟུར་བཞག་གི་ལམ་ལུགས་མེདཔ་སྦེ་བཟོ་ནི་འདི་ ཐབས་ལམ་ལེགས་ཤོམ་ཅིག་མི་འོང་ཟེར་ཨིན་མས།

འཐུས་མི་འདི་གིས་འབད་བ་ཅིན་ ཉིནམ་བདུན་འདི་ ནད་འབུཔ་ཡོདཔ་མེདཔ་བརྟག་དཔྱད་འབད་ནི་གི་ ཞག་གྲངས་ཉུང་ཤོས་ཅིག་ཨིནམ་མ་ཚད་ སྨན་ཁབ་ཁ་སྐོང་རྐྱབ་མི་འདི་ གཟུགས་ཁ་ལུ་ ནུས་ཟུགས་ཡར་སེང་འབད་ནི་དང་ ནད་འབུཔ་ལས་ སྲུང་ནི་གི་དོན་ལུ་ཨིན་ཟེར་བཤད་ཅི།

ནུས་གཟུགས་ཀྱི་གནས་ཚད་དང་ སྨན་ཁབ་ཀྱི་ནུས་ཤུགས་འདི་ ཟླཝ་༦དེ་ཅིག་ལས་ ཉམས་དོ་ཡོདཔ་སྦེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube