བསམ་རང་དང་ཇོ་མོ་གཙང་ཁའི་གཞུང་ལམ་ ཤུལ་མའི་ཟླཝ་ནང་སྒོ་ཕྱི་ནི་ཨིནམ།

༉ བསམ་གྲུབ་ལྗོངས་མཁར་ལུ་ སྡོད་མི་ཚུ་གིས་སླབ་མི་ནང་ བསམ་རང་དང་ ཇོ་མོ་གཙང་ཁ་གི་བར་ནའི་ ནང་འཁོད་ཀྱི་གཞུང་ལམ་འདི་ ནམ་ སྒོ་ཕྱི་འོང་ག་ སྒུག་སྟེ་རང་ཡོད་ཟེར་ཨིན་མས།

གཞུང་ལམ་རྩི་ནག་བཏང་ནི་དང་ གཞན་ ལཱ་ཕྱམ་ཕྱིམ་རེ་མ་གཏོགས་ གཞུང་ལམ་སེལ་ནི་གི་ལཱ་ཚུ་ སྤྱི་ཟླ་༤པའི་ནང་རང་ མཇུག་བསྡུ་ནུག

ད་རེས་འབད་བ་ཅིན་ མི་ཚུ་ བསམ་གྲུབ་ལྗོངས་མཁར་དང་ ཇོ་མོ་གཙང་ཁ་གི་བར་ན་ རྒྱུན་འགྲུལ་འཐབ་པའི་སྐབས་ རྒྱ་གར་གྱི་གཞུང་ལམ་བདའ་སྟེ་འགྱོཝ་ཨིན་མས།

ནད་ཡམས་ཀྱི་གནས་སྟངས་ནང་ མི་ཚུ་ རྒྱ་གར་གྱི་གཞུང་ལམ་བདའ་སྟེ་ དགའ་སྐྱོ་མེད་པར་ ལྟ་བརྟོག་གི་སྐྱེལ་འདྲེན་ཞབས་ཏོག་བརྒྱུད་དེ་ འགྱོ་དགོཔ་འཐོན་དོ་ཡོདཔ་སྦེ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ གློ་བུར་གྱི་གནས་སྟངས་ཚུ་འཐོནམ་ད་ ནང་འཁོད་ལུ་ ལམ་མེདཔ་ལས་ སྟབས་རང་མི་བདེ་བས་ཟེར་ཨིན་པའི་ཁར་ ད་རེས་ ཚལ་ལུ་ཚུ་བཏོག་རན་དོ་ཡོདཔ་ལས་ ཚལ་ལུ་ཚུ་ རིན་བསྡུར་ཁང་ནང་ དུས་ཚོད་ཁར་སྐྱེལ་མི་ཚུགས་ནི་མས་ཟེར་བཤདཔ་ཨིན་མས།

ལམ་སེལ་ལས་ཁུངས་དང་འཁྲིལ་བ་ཅིན་ གཞུང་ལམ་འདི་ ཤུལ་མའི་ཟླ་ཕྱེད་ལས་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ སྒོ་ཕྱི་འོང་ཟེར་ཨིན་མས།

ད་རུང་ ལས་ཁུངས་ཀྱིས་བཀོད་མི་ནང་ ད་ལྟོ་ཚུན་ཚོད་ གཞུང་ལམ་ སྒོ་མ་ཕྱི་བར་ལུས་མི་འདི་ཡང་ གཞུང་ལམ་འདི་བདའ་སྟེ་ ས་རུད་དང་ཆུ་རུད་འཐོན་ནི་གི་ ཉེན་ཁ་ཡོད་ནི་འདི་གིས་ཨིནམ་སྦེ་བཤད་ཅི།

ཀི་ལོ་མི་ཀྲར་༥༨འབད་མི་ བསམ་རང་དང་ཇོ་མོ་གཙང་ཁ་གི་བར་ནའི་ ནང་འཁོད་ཀྱི་གཞུང་ལམ་འདི་ཡང་ ལོ་༥དེ་ཅིག་གི་ཧེ་མ་ལས་ སེལ་ནི་འགོ་བཙུགས་ནུག

གཞུང་ལམ་འདི་ སྤྱི་ལོ་༢༠༢༣ལུ་ ལེགས་ཤོམ་སྦེ་རང་ སེལ་ཚར་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ ཀུན་ལེགས་དབང་ཕྱུག བསམ་གྲུབ་ལྗོངས་མཁར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube