འགྲེམ་སྟོན་ནང་ གཡུས་ཆུམ་དམརཔོ་དང་སྦྱང་འཚོལ་མི་ལེ་ཤ་ཡོདཔ།

༉ ད་རེས་ དུ་བའི་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ འཛམ་གླིང་གི་འགྲེམ་སྟོན་ནང་ འབྲུག་པའི་ གཡུས་ཆུམ་དམརཔོ་དང་ སྦྱང་ཚུ་འཚོལ་མི་ ལེ་ཤ་འཐོན་དོ་ཡོདཔ་ཨིན་མས།

འབྲུག་པའི་འགྲེམ་སྟོན་ཁང་འདི་ནང་ ཆུམ་དམརཔོ་དང་ སྦྱང་རྩིས་ཏེ་ ཐོན་སྐྱེད་བརྒྱ་ལྷགཔ་ཅིག་ཡོདཔ་ཨིན་མས།

སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡ ལས་འགོ་བཙུགས་མི་ འགྲེམ་སྟོན་འདི་ རྒྱལ་ཁབ་ ༢༠༠ མ་ལངམ་ཅིག་གིས་ གྲལ་ཁར་གཏོགས་དོ་ཡོདཔ་དང་ འགྲེམ་སྟོན་འདི་ སང་ཕོད་སྤྱི་ཟླ་ ༣ པའི་ ཟླ་མཇུག་ཚུན་ཚོད་ འགོ་འདྲེན་འཐབ་ནི་ཨིན་མས།

འབྲུག་པའི་འགྲེམ་སྟོན་ཁང་ནང་ རང་ལུགས་ཀྱི་ཅ་ཆས་དང་ གྱོན་ཆས་ དེ་ལས་ རང་བཞིན་སྨིན་པའི་ཐོན་སྐྱེད་དང་ སྒྱུ་རྩལ་གྱི་བཟོ་བཀོད་ཚུ་ འགྲེམ་སྟོན་འབད་དེ་ཡོདཔ་ཨིན་མས།

འབྲུག་པའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཐོན་སྐྱེད་དེ་ཚུ་གི་གྲལ་ལས་ ཆུམ་དམརཔོ་དང་སྦྱང་འདི་ ལེ་ཤ་སྦེ་ བཙོང་ཚུགས་པས་ཟེར་བཤད་ཅི།

བུམ་ཐང་ལས་འཐོན་མི་ སྦྱང་འདི་ གཱ་རམ་ ༢༤༠ ལུ་ དངུལ་ཀྲམ་ ༤༠༠ དེ་ཅིག་དང་ སྤ་རོ་ལས་འཐོན་མི་ ཆུམ་དམརཔོ་ཀེ་ཇི་གང་ལུ་ དངུལ་ཀྲམ་ ༡༩༠ དེ་ཅིག་སྦེ་ བཙོང་དོ་ཡོདཔ་ཨིན་མས།

འབྲུག་པའི་འགྲེམ་སྟོན་ཁང་གི་ མདོ་ཆེན་པདྨོ་བཟངམོ་གིས་སླབ་མི་ནང་ ས་གནས་འདི་ནང་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ཐོན་སྐྱེད་ ༡༢༥ དེ་ཅིག་ཡང་ འགྲེམ་སྟོན་འབད་དེ་ཡོད་ཟེར་བཤད་ཅི།

 ད་རུང་ མོ་གིས་སླབ་མི་ནང་ མི་ཚུ་ ནད་ཡམས་ཀྱི་གནས་སྟངས་ ཡར་དྲག་འགྱོ་ཞིནམ་ལས་ འབྲུག་ལུ་འོང་ནི་སྦེ་ སག་ལང་སྟེ་འདུག་ཟེར་ཨིན་པའི་ཁར་ འབྲུག་པའི་འགྲེམ་སྟོན་ཁང་ནང་ ཉིནམ་ཨ་རྟགས་ར་ མི་སྟོང་ཕྲག་ལས་བཅད་དེ་འོང་དོ་ཟེར་ཨིན་མས།

 འགྲེམ་སྟོན་འདི་ཁར་ གཟའ་སྤེནམ་གྱི་ཚེ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༤པ་འདི་ཡང་ བརྩི་སྲུང་འབད་ནུག

འགྲེམ་སྟོན་འདི་ཡང་ འཛམ་གླིང་ནང་ ཁྱད་དུ་འཕགས་པའི་ གསར་བཏོད་བྱུང་ཡོད་མི་ཚུ་ གསལ་སྟོན་འབད་ནིའི་གོ་སྐབས་བྱིན་ཐབས་ལུ་ ལོ་

༥ གི་བར་ན་ ཚར་རེ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

ཟླཝ་ ༦ གི་རིང་ འགོ་འདྲེན་འཐབ་མི་ འགྲེམ་སྟོན་འདི་ ན་ཧིང་ སྤྱི་ཟླ་བཅུ་པའི་ནང་ལས་ འགོ་འདྲེན་འཐབ་ནི་སྦེ་ སྡོད་ཡོདཔ་ཨིན་རུང་ ནད་ཡམས་འདི་ལུ་བརྟེན་ ཕར་བཤུད་རྐྱབ་དགོཔ་འཐོན་ནུག

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་བཟངམོ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube