གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

འབྲུག་གི་གནས་ཚད་ལས་ཁང་གིས་ ལྗིད་ཚད་འཇལ་ནི་གི་མཐུན་རྐྱེན་ཚུ གནས་ཚད་གཅིག་སྦེ་བཟོ་ནི་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ འབྲུག་གི་གནས་ཚད་ལས་ཁང་གིས་ ད་ལས་ཕར་ ལོ་བསྟར་བཞིན་དུ་རང་ ཚོང་ཁང་ཚུ་ནང་ལས་ཕར་ལག་ལེན་འཐབ་མི་ སྲང་དང་གཞན་མི་ ལྗིད་ཚད་འཇལ་མི་གི་མཐུན་རྐྱེན་ཚུ་ག་རང་ གནས་ཚད་གཅིག་སྦེ་བཟོ་བཞིན་ན་ ངོ་སྦྱོར་འབད་ནི་ཨིན་མས།
འདི་ཡང་ ཚོང་འབྲེལ་འཐབ་པའི་སྐབས་ ལྗིད་ཚད་འཇལ་མི་གི་མཐུན་རྐྱེན་ཚུ་ འཛོལ་བ་མེདཔ་སྦེ་ ལག་ལེན་འཐབ་བཅུག་ནི་གི་དོན་ལུ་ཨིནམ་ད་ ད་རིས་ གནད་དོན་འདི་གི་ཐོག་ལུ་ འབྲུག་གི་གནས་ཚད་ལས་ཁང་དང་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་ ༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་དེ་ཡོདཔ་ཨིན།
ཆིངས་ཡིག་འདི་དང་འཁྲིལ་བ་ཅིན་ ཉོ་སྤྱོད་ཉེན་སྲུང་གི་ཐད་ཁར་ ཡིག་ཚང་ ༢ ཀྱི་བར་ན་ བརྡ་དོན་བརྗེད་སོར་དང་ ཁྱད་རིག་གི་རྒྱབ་སྐྱོར་ དེ་ལས་ མཁས་པའི་བསམ་ལན་ཚུ་ བརྗེད་སོར་འབད་ནི་སྦེ་ བཀོད་དེ་ཡོདཔ་ཨིན་མས།
ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ ཚོང་ལཱ་འབད་མི་ཚུ་ལུ་བཀོད་མི་ནང་ ད་ལས་ཕར་ ཁོང་རའི་སྲང་ཚུ་ གནས་ཚད་ཅན་ཅིག་དང་ འཇོན་ཐངས་ཅན་ཅིག་སྦེ་ རྒྱུན་སྐྱོང་འཐབ་དགོཔ་འདི་ ཁག་ཆེ་ཟེར་བཤད་ཅི།
འདི་བཟུམ་སྦེ་ གནས་ཚད་ལས་ཁང་གིས་ཡང་ ཚོང་མགྲོན་པ་ཚུ་ལུ་ ཁེ་ཕན་དང་ཉེན་སྲུང་ལུ་དམིགས་ཏེ་ ཐོན་སྐྱེད་བརྟག་དཔྱད་འབད་ནི་ནང་ རྒྱབ་སྐྱོར་འབད་ནི་སྦེ་འདུག
ད་ལས་ཕར་ ཡིག་ཚང་འདི་གཉིས་ཀྱིས་ རྒྱལ་ཁབ་ནང་ ཚོང་ལཱ་ཚུ་ དྭངས་གསལ་སྦེ་ འཐབ་བཅུག་ནི་གི་མ་དོ་བར་ དཔལ་འབྱོར་གྱི་གནས་ཚད་དང་ ཉོ་སྤྱོདཔ་ཉེན་སྲུང་འབད་ནི་གི་དོན་ལུ་ བརྩི་མཐོང་ཅན་གྱི་ཚོང་ལཱ་ཡར་དྲག་བཏང་ནི་ནང་ཡང་ གཙོ་རིམ་བཟུང་ནི་ཨིན་མས།
འདི་དང་གཅིག་ཁར་ ད་རེས་ ཚོང་མགྲོན་པའི་ཉེན་སྲུང་དང་བདག་དབང་ཚུ་ ཉེན་སྲུང་འབད་དེ་རང་ཡོདཔ་ལས་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ འབྲུག་གི་གནས་ཚད་ལས་ཁང་ལུ་ ད་ལས་ཕར་ དོ་འགྲན་གྱི་གནས་ཚད་ཡར་དྲག་བཏང་ནི་གི་དོན་ལས་ ཐོན་སྐྱེད་དང་ཞབས་ཏོག་གི་ཐོག་ལུ་ རྒྱལ་ཡོངས་ཀྱི་གནས་ཚད་ཅིག་ཡང་བཟོ་དགོ་པའི་ ཞུ་བ་འབད་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཀུན་ལེགས་སྒྲོལམ།
ཐིམ་ཕུག