གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

གནས་ཚུལ་བསྡུ་ལེན་པ་གིས་ ནདཔ་དང་འབྲེལ་བ་འཐབ་སྟེ་ཡོདཔ་སྦེ་བཀོད་མི་འདི་ མི་བདེན་ཟེར་བཤད་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༩ ༢༠༢༠

༉ ཀུན་གསལ་གསར་ཤོག་གི་གནས་ཚུལ་བསྡུ་ལེན་པ་ཅིག་ཡང་ ནད་གཞི་ཀོ་ཝིཊ་ནཱའིན་ཊིན་ཐོབ་མི་ནདཔ་ཅིག་དང་ཅིག་ཁར་ ཐད་ཀར་གྱི་འབྲེལ་འཐབ་ཡོད་པའི་ ལོ་རྒྱུས་དར་ཁྱབ་སོང་སྟེ་འདུག

འདི་ལུ་ ཀུན་གསལ་ལས་འཛིན་གྱི་འཛིན་སྐྱོང་གིས་ ལོ་རྒྱུས་འདི་ མ་བདེན་པའི་གཏམ་ཨིན་ཟེར་ ཁས་ལེན་འབད་མ་བཏུབ་པའི་ཁར་ གནས་ཚུལ་བསྡུ་ལེན་པ་འདི་ ནད་གཞི་ཐོབ་མི་དང་ཅིག་ཁར་ འབྲེལ་བ་འཐབ་སྟེ་མེདཔ་སྦེ་བཤད་ཅི།

འདི་ཡང་ འཛིན་སྐྱོང་དང་འཁྲིལ་བ་ཅིན་ གཟའ་ཉིམ་གྱི་ཚེ་ གནས་ཚུལ་བསྡུ་ལེན་པ་འདི་གིས་ བཟའ་ཁང་གི་ཇོ་བདག་དང་ བཟའ་ཁང་ནང་གི་སྲུང་རྒྱབ་ཚུ་ལས་ གནང་བ་ལེན་ཏེ་ བཟའ་ཁང་གི་བསུ་ལེན་འབད་ས་ལས་ བརྒྱུད་འཕྲིན་གྱི་ཐོག་ལས་ དྲི་ལན་འབད་དེ་ཡོདཔ་མ་གཏོགས་ ཐད་ཀར་དུ་ ནདཔ་དང་ཅིག་ཁར་འབྲེལ་བ་འཐབ་ཞིན་ན་ དྲི་ལེན་འབད་འབདཝ་མེན་ཟེར་ཨིན་མས།

འདི་མ་ཚད་ བརྡ་བརྒྱུདཔ་འདི་གིས་ གཟའ་སྤེནམ་གྱི་ཚེ་ཡང་ གནས་ཚུལ་སོ་སོ་ཅིག་གི་དོན་ལས་ ཟུར་བཞག་ས་སྒོ་འདི་ནང་ལུ་ འགྱོ་སྟེ་ཡོདཔ་ཨིན་མས།

ཨིན་རུང་ བཟའ་ཁང་འདི་ནང་ལས་ ནད་གཞི་ཀོ་ཝིཊ་ནཱའིན་ཊིན་ཐོབ་མི་ཐོན་ནི་འདི་གིས་ གནས་ཚུལ་བསྡུ་ལེན་པ་འདི་དང་ ཁོ་དང་ཅིག་ཁར་འོང་མི་ དེད་གཡོགཔ་གཉིས་ཡང་ ཟུར་བཞག་ས་སྒོ་ནང་ལུ་བཞག་སྟེ་ཡོདཔ་ད་ ཁོང་ཆ་ཁྱབ་ལུ་ ཟུར་བཞག་གི་ལམ་ལུགས་ལས་འགལ་བ་འབད་ཡོདཔ་ལས་ ཟུར་བཞག་གི་འཐུས་ཚུ་ཡང་ ཁོང་ར་ཆ་ཁྱབ་ཀྱིས་ སྤྲོད་དགོཔ་སྦེ་སླབ་སྟེ་ཡོདཔ་སྦེ་ཨིན་མས།

འདི་ལུ་ ཀུན་གསལ་གསར་ཤོག་གི་ རྩོམ་སྒྲིག་འཛིན་སྐྱོང་པ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ དེ་སྦེ་ ཟུར་སྡོད་དགོ་མི་འདི་གནས་ཚུལ་བསྡུ་ལེན་འབད་བར་འགྱོ་བའི་སྐབས་ཐོན་ཡོདཔ་ལས་ ཟུར་བཞག་གི་འཐུས་ཚུ་ ལས་སྡེ་གི་ཁ་ཐུག་ལས་སྤྲོད་འོང་ཟེར་ཨིན་མས།

ད་རུང་ གསོ་བའི་ལྷན་ཁག་གིས་ ཁོང་ཆ་ཁྱབ་ ཟུར་བཞག་གི་དུས་ཡུན་ཚང་བའི་ཤུལ་ལས་ཡང་ ཉིནམ་༡༠་གྱི་རིང་ལུ་ མི་སྡེ་ཞབས་ཏོག་ནང་ལུ་ བཅའ་མར་གཏོགས་དགོ་ཟེར་ཨིན་མས།

འདི་བཟུམ་སྦེ་ གནས་ཚུལ་བསྡུ་ལེན་པ་དང་ དེད་གཡོགཔ་ཚུ་དང་ཅིག་ཁར་ ཐད་ཀར་དུ་འབྲེལ་བ་འཐབ་མི་ གཞན་མི་མི་ངོམ་༡༦ཡང་ བདུན་ཕྲག་གཅིག་གི་རིང་ལུ་ ཁྱིམ་ནང་ལུ་ ཟུར་བཞག་དགོཔ་ཐོན་ནུག

 

གནས་ཚུལ་བསྡུ་ལེན་པ་ སངྱས་ཆོས་འཛོམས།

ཐིམ་ཕུག