གཟའ་པ་སངས། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༢

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཨམ་སྲུ་གཅིག་ལུ་ མོ་རའི་ཨ་ལུ་རྨས་སྐྱེས་བཀོག་བཏང་ཡོད་པའི་ ཁ་ཉེས་བཀལ་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༩

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་ ༢༡ ལང་མི་ཨམ་སྲུ་གཅིག་ལུ་ མོ་རའི་ཨ་ལུ་རྨས་སྐྱེས་བུམོ་དེ་ ཆབ་གསང་ནང་ལུ་སྐྱེས་ཞིནམ་ད་ སྒོ་སྒྲིག་ནང་ལས་ཕྱི་ཁར་ བཀོག་བཏང་ཡོད་པའི་ཁ་ཉེས་བཀལ་དོ་ཡོདཔ་ཨིན་མས།

ཨིན་རུང་ ཁྱིམ་གྱི་ཇོ་བདག་གིས་ དྲོ་པ་ཆུ་ཚོད་ ༡ དེ་ཅིག་ཁར་ ཨ་ལུའི་སྔུ་སྐད་ཅིག་གོ་བའི་ཤུལ་ ལྟ་བ་འགྱོ་བའི་སྐབས་ ཨ་ལོ་རྨས་སྐྱེས་དེ་ དེ་སྦེ་བཀོག་བཞག་ཡོདཔ་སྦེ་མཐོང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་མས། བྱ་ངན་འདི་ཡང་ དུས་ཅི་ སྤྱི་ཟླ་ ༧ པའི་ནང་ལུ་ སྤུ་ན་ཁ་ལུ་སྦེ་བྱུང་ཡོདཔ་ད་ གནད་དོན་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁ་ཉིནམ་ སྤུ་ན་ཁ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ བཙུགས་ཏེ་ཡོདཔ་ཨིན།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་བཀོད་མི་ཐོ་ཡིག་དང་འཁྲིལཔ་ད་ ཨ་ལུ་འདི་གི་ཨ་པ་ དགེ་སློང་འདི་གིས་ ཨ་ལུའི་ཨ་པ་ཁོ་ཨིན་ཟེར་ ཁ་བཟེད་མ་བཏུབ་པའི་ཤུལ་ལུ་ དོགས་པ་ཅན་ཨམ་སྲུ་འདི་གིས་ མནོ་བཞིན་བསམ་བཞིན་རང་ བཀོ་བཏང་ནུག་ཟེར་འཁོད་དེ་འདུག

ད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ དོགས་པ་ཅན་འདི་ ན་ཧིང་ ཐིམ་ཕུག་ལུ་ཟ་ཁང་ཅིག་ནང་ ལཱ་འབད་སྡོད་པའི་སྐབས་ དགེ་སློང་འདི་དང་ཆ་ དགའ་མཐུན་གྱི་འབྲེལ་བ་སྡོད་ནུག་ཟེར་བཤད་ཅི།

དོགས་པ་ཅན་ཨམ་སྲུ་འདི་གིས་ ཨ་ལུའི་ཨ་པ་འདི་ལུ་ མོ་ར་ཨ་ལུ་ཆགས་ཏེ་ཟླཝ་༤འགྱོ་ཡོད་པའི་ ལོ་རྒྱུས་ཚུ་སླབ་ཡོདཔ་ཨིན་རུང་ ཨ་ལུ་འདི་ཁོ་གི་ཨིན་ཟེར་ ཁ་བཟེད་མ་བཏུབ་ཟེར་ཨིན་མས།

ཨ་ལུའི་ཨ་པ་འདི་ ཕྱིའི་རྒྱལ་ཁབ་ཀྱི་གྲྭ་ཚང་ཅིག་གི་ནང་ལུ་ ཤེས་ཡོན་སྦྱང་སྟེ་ སྡོད་དོ་ཡོདཔ་སྦེ་བཤད་ཅི།

ཨ་ལུ་རྨས་སྐྱེས་འདི་ ད་རེས་ དོགས་པ་ཅན་ཨམ་སྲུ་དང་ མོ་རའི་ཕམ་དང་ཆ་ ལེགས་ཤོམ་སྦེ་རང་ཡོདཔ་ད་ ཨམ་སྲུ་འདི་ ད་རེས་ གློད་གྲོལ་ཐོག་ དོ་དམ་འོག་ལས་བཏང་སྟེ་འདུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་བཀལ་ཏེ་ཡོད་མི་ཨམ་སྲུ་འདི་ལུ་ ཉེས་ཕྲའི་ཁྲིམས་ཚད་སྨིན་དགོཔ་སྦེ་ཞུ་བ་འབད་དོ་ཡོདཔ་ལས་ ག་དེ་ཅིག་སྦེ་ ཨམ་སྲུ་འདི་ཉེས་པ་ཡོདཔ་སྦེ་ཐོན་སོང་པ་ཅིན་ བཙོན་ཁྲིམས་ཉུང་ཤོས་རང་ལོ་༡ལས་ མཐོ་ཤོས་ལོ་༣ཚུན་ཚོད་ ཕོག་ནི་ཨིན་མས།