གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

རྒྱལ་ཡོངས་ནང་པའི་སྨན་ཁང་ལྟེ་བ་གིས་ སྨན་བཅོས་གསརཔ་ཚུ་ འགོ་བཙུགས་ནི་གི་འཆར།

སྤྱི་ཟླ་༦ པའི་ཚེས་ ༣ ༢༠༡༩

༉ ཐིམ་ཕུག་ལུ་ཡོད་པའི་ རྒྱལ་ཡོངས་ནང་པའི་སྨན་ཁང་ལྟེ་བ་གིས་ མགྱོགས་པ་རང་ སྨན་བཅོས་གསརཔ་ཚུ་ འགོ་བཙུགས་ནི་གི་འཆར་གཞི་འདུག

ནང་སྨན་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ཀུན་དགའ་ཚེ་རིང་གིས་བཀོད་མི་ནང་ སྨན་ཁང་ཚུ་གོང་འཕེལ་འགྱོ་སྟེ་ཡོད་རུང་ སྨན་བཅོས་ཀྱི་ཐད་ཁར་ དེ་ཅིག་རང་ ཡར་དྲག་མ་འགྱོ་བར་ཡོདཔ་སྦེ་བཤད་ཅི།

འདི་འབདཝ་ལས་ སྨན་ཁང་འདི་གིས་ ད་རེས་ སྨན་བཅོས་འདི་ ནདཔ་ཚུ་ལུ་ སྨན་འབྱིན་ཞིན་ན་འབད་དོ་ཡོད་རུང་ སྨན་བཅོས་མ་འདྲཝ་གསརཔ་གི་ནང་ལུ་ སྒོམ་རྐྱབ་ནི་དང་ཡོ་ག་ཚུ་ཡང་ འོག་བཙུགས་ནི་གི་ ལཱ་སྐོར་ཡོདཔ་སྦེ་ཨིན་མས།

ད་རུང་ ཡོངས་ཁྱབ་མདོ་ཆེན་གྱིས་སླབ་མི་ནང་ གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ པན་གྲུབ་ཚེ་རིང་གིས་སླབ་མི་ནང་ ནང་པའི་སྨན་ཁང་ཚུ་ འཛིན་སྐྱོང་འཐབ་སྟེ་བཞག་མི་འདི་གིས་ རྒྱལ་ཁབ་ཀྱི་གསོ་བའི་འཕྲོད་བསྟེན་ལམ་ལུགས་ལུ་ ལྷན་ཐབས་འབྱུང་དོ་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ཡང་ སྨན་བཅོས་ཀྱི་ཞབས་ཏོག་ཚུ་ལེན་ནི་ནང་ གདམ་ཁ་ཚུ་ བྱིན་ཚུགས་ཏེ་ཡོད་ཟེར་བཤད་ཅི།

འཕྲལ་ཁམས་གཅིག་ཁར་ ནང་པའི་སྨན་གི་ཉིནམ་བརྩི་སྲུང་འབད་བའི་སྐབས་ལུ་ བརྗོད་དོན་འདི་ཡང་ མི་སྡེ་འཕྲོད་བསྟེན་གྱི་དོན་ལུ་ ནང་སྨན་གྱི་འབྲེལ་གཏོགས་ཟེར་ བཞག་ནུག

འདི་ཡང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ སྨན་དང་གཅིག་ཁར་ ཕྱི་གཟུགས་སྨན་བཅོས་ཚུ་ཡང་ ལག་ལེན་འཐབ་ནི་གི་འཆར་གཞི་ཡོད་མི་དང་འབྲེལ་ ནད་གཞི་ཚུ་ ལེགས་ཤོམ་དང་མགྱོགས་སུ་ཅིག་སྦེ་ དྲག་ཚུགས་ནི་གི་དོན་ལུ་ཨིནམ་སྦེ་བཤད་ཅི།

ད་རུང་ ཉིནམ་དེ་ཁ་ལུ་ ནང་པའི་སྨན་བཅོས་ཀྱི་འཕྲོད་བསྟེན་ལག་དེབ་དང་ སྔོ་ཇ་ དེ་ལས་ སྔོ་ཤིང་གི་སྨན་ཆུ་ཚུ་ཡང་ གསར་བཏོན་འབད་ནུག

ནང་སྨན་པའི་སྨན་ཁང་འདི་ ལོ་༥༠་དེ་ཅིག་གི་ཧེ་མ་ སྨན་སྤྲོད་སའི་ས་སྒོ་ཅིག་སྦེ་ གཞི་བཙུགས་འབད་བའི་ཤུལ་ ད་རེས་ རྒྱལ་ཁབ་ནང་ལུ་ ཐིམ་ཕུག་ལུ་ཡོད་པའི་ རྒྱལ་ཡོངས་ནང་པའི་སྨན་ཁང་ལྟེ་བ་འདི་རྩིས་ཏེ་ ནང་པའི་སྨན་ཁང་༧༠་ལྷགཔ་ཅིག་འདུག

རྒྱལ་ཁབ་ནང་ལུ་ ད་རེས་ ནང་པའི་སྨན་ཁང་༧༠་ལྷགཔ་ཅིག་ཡོདཔ་ད་ འདི་ནང་ གསོ་བའི་ཞབས་ཏོག་བྱིན་མི་ དྲུང་འཚོ་༦༠་དེ་ཅིག་དང་ སྨན་པ་བརྒྱ་ལྷགཔ་ཅིག་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ སྤྱི་ལོ་༢༠༡༨་རྐྱངམ་གཅིག་ལུ་རང་ ནདཔ་འབུམ་༣་ལྷགཔ་ཅིག་ལུ་ སྨན་བཅོས་འབད་ཡོདཔ་ཨིན་མས།