གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

རྒྱལ་ཡོངས་ཚོགས་འདུ་གི་ ཨམ་སྲུའི་འདེམས་ངོ་ གཞོན་ཤོས་ཀྱི་བསམ་འཆར།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༨

༉ དུས་ཅི་ སྤྱི་ཚོགས་༣་པའི་རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་ནང་ལས་ ཨམ་སྲུའི་འདེམས་ངོ་༧་བཙག་འཐུ་སྒྲུབ་སྟེ་ཡོདཔ་ཨིན།

ཁོང་ཆ་ཁྱབ་ཡང་ འབྲུག་ཕུན་སུམ་ཚོགས་པའི་ནང་ལས་ ཨམ་སྲུའི་འདེམས་ངོ་༢་དང་ འབྲུག་མཉམ་རུབ་ཚོགས་པ་ནང་ལས་ ཨམ་སྲུ་འདེམས་༥་གིས་ བཙག་འཐུ་གྲུབ་ནུག

ཨམ་སྲུའི་འདེམས་ངོ་བཙག་འཐུ་གྲུབ་མི་ཚུ་གི་གྲལ་ལས་ གཅིག་འདི་ མགར་ས་རྫོང་ཁག་གི་ ཁ་སྨད་ལུང་ནག་ན་འདེམས་ཁོང་ནང་ལས་ སྐྱེ་ལོ་༢༥་ལང་མི་ ཡེ་ཤེས་སྒྲོལ་མ་ཨིན་མས།

ཨམ་སྲུའི་འདེམས་ངོ་ཚུ་གི་གྲལ་ལས་ ཡེ་ཤེས་སྒྲོལ་མ་འདི་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ སྤྱི་ཚོགས་ཀྱི་འཐུས་མི་ གཞོན་ཤོས་ཅིག་སྦེ་ འོང་ནི་ཨིན་མས།

འདི་ལུ་ ཡི་ཤེས་སྒྲོལ་མ་གིས་སླབ་མི་ནང་ མོ་ར་སྲིད་ཚོགས་ནང་ལུ་ བཅའ་མར་གཏོགས་མི་གཞོན་ཤོས་ཅིག་འབདཝ་ལས་ མ་འོངས་པའི་དོན་ལུ་ ན་གཞོན་ཚུ་གིས་ དཔེ་བལྟ་ས་ཅིག་སྦེ་བཟོ་ནི་གི་དོན་ལས་ འགན་ཁུར་འཐེབ་སྦེ་རང་ ཕོག་སྟེ་ཡོད་ཟེར་བཤད་ཅི།

འདི་ཡང་ སྲིད་ཚོགས་ནང་ལུ་ བཅའ་མར་གཏོགས་པའི་སྐབས་ ཚོགས་རྒྱན་བསྐྱུར་མི་ཚུ་ལུ་ མཐོ་རིམ་ཤེས་ཡོན་སྦྱང་ཚར་མི་ ན་གཞོན་ཚུ་གིས་ཡང་ རྩ་བ་གསུམ་ལུ་ ཕྱག་ལེགས་ཤོམ་སྦེ་རང་ ཞུ་ཚུགས་པས་ཟེར་བའི་ ཡིད་ཆེས་བསྐྱེད་བཅུག་དགོཔ་འདི་ ཨིན་ཟེར་བཤད་ཅི།

ད་རུང་ མོ་གིས་ ཨམ་སྲུ་དང་ ཨམ་སྲུའི་འགོ་ཁྲིད་པའི་སྐོར་ལས་ མ་འོངས་པའི་ནང་ ཨམ་སྲུ་ཚུ་ བཙག་འཐུ་ནང་ བཅའ་མར་གཏོགས་བཅུག་ནི་གི་དོན་ལས་ སེམས་ཤུགས་བསྐྱེད་ཚུགས་པའི་ ལཱ་འགན་གྱི་སྐོར་ལས་རང་ བཤད་དེ་ཡོདཔ་ཨིན།

མོ་གིས་སླབ་མི་ནང་ མ་འོངས་པའི་ནང་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཕོ་སྐྱེས་ལས་ ཨམ་སྲུ་བཙག་འཐུ་འབད་ནི་གི་དོན་ལས་ རྒྱལ་ཁབ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ནི་འདི་ ཁོང་ཨམ་སྲུ་འདེམ་ངོ་བཙག་འཐུ་གྲུབ་མི་༧་གྱི་ འགན་ཁུར་ཅིག་ཨིན་ཟེར་བཤད་ཅི།