གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

སྒང་ཟུར་ལུ་ ས་གི་རྫམ་བཟོ་ནི་གི་ཚོང་འབྲེལ་འདི་ ལེགས་ཤོམ་འགྱོ་བའི་བསྒང་།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༨

༉ ལྷུན་རྩེ་རྫོང་ཁག་ སྒང་ཟུར་གཡུས་ཚན་ནང་ལུ་ སའི་རྫམ་བཟོ་ནི་གི་ཚོང་འབྲེལ་འདི་ འདས་པའི་ལོ་ཚུ་དང་འཕྱདཔ་ད་ ཡར་དྲག་སོང་སྟེ་སྦེ་འདུག

འདི་ཡང་ རྒྱལ་ཁབ་ནང་འཁོད་དང་ ཕྱི་ཁའི་མི་ཚུ་གིས་ གཡུས་ཚན་འདི་ནང་འགྱོ་ཞིནམ་ལས་ རྫམ་བཟོ་ཐངས་ཚུ་བལྟ་སྟེ་ ཉོ་དོ་ཡོདཔ་ཨིན་མས།

སྒང་ཟུར་གཡུས་ཚན་ནང་ལུ་ རྫམ་བཟོ་མི་༣་ཡོད་ས་ལས་ གཅིག་འདི་ སྐྱེ་ལོ་༢༢་ལང་མི་ བསོད་ནམས་སྟོབས་རྒྱས་ཨིན་མས།

ཁོ་གིས་ སྤྱི་ལོ་༢༠༡༥་ལུ་ སློབ་རིམ་༡༢་པ་མཐར་འཁྱོལ་བའི་ཤུལ་མ་ སྤྱི་ལོ་༢༠༡༦་ལུ་ རྫམ་གྱི་ཚོང་ལཱ་ཚུ་ འགོ་བཙུགས་ནུག

ཁོ་གིས་རྫམ་ཚུ་ཡང་ མི་ཚུ་གིས་མཁོ་མངག་འབད་མི་ བཟོ་བཀོད་དང་འཕྲིལ་ཏེ་ སྤུས་ཚད་ལེགས་ཤོམ་སྦེ་ བཟོ་དོ་ཡོདཔ་ཨིན་མས།

བསོན་ནམས་ཀྱིས་སླབ་མི་ནང་ ཁོ་གིས་ ཆོས་བལྟ་ཚར་བའི་ཤུལ་མ་ གཞུང་དང་སྒེར་སྡེ་ཚུ་ནང་ལས་ཕར་ ལཱ་འཚོལ་བར་མ་འགྱོ་མི་འདི་ཡང་ རྫམ་གྱི་ཚོང་ལཱ་ལས་བརྟེན་ཏེ་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་པའི་ རེ་བ་བསྐྱེད་མི་ལས་བརྟེན་ཏེ་ ཨིན་ཟེར་བཤད་ཅི།

བསོད་ནམས་བཟུམ་སྦེ་ སྒང་ཟུར་གཡུས་ཚན་ནང་ལུ་ ཧེ་མ་ལས་རང་ རྫམ་གྱི་ཚོང་ལཱ་འབད་མི་ གཅིག་འདི་ ཚེ་རིང་བཟང་མོ་ཨིནམ་ད་ མོ་གིས་སླབ་མི་ནང་ འདས་པའི་ལོ་ཚུ་དང་འཕྱདཔ་ད་ ད་རེས་ རྫམ་གྱི་གོང་ཚད་ཚུ་ཡང་ ཡར་སེང་འགྱོ་སྟེ་ཡོདཔ་མ་ཚད་ ཚོངས་འབྲལ་གྱི་ཐད་ཁར་ཡང་ ལེགས་ཤོམ་སྦེ་རང་ འཐབ་ཚུགས་མི་ལས་བརྟེན་ཏེ་ ད་རེས་ མོ་ར་ སེམས་དགའ་སྟེ་ཡོདཔ་སྦེ་བཤད་ཅི།

སའི་རྫམ་ཚུ་ཡང་ ལྟོ་འབད་ནི་དང་ ཆང་བཀལ་ནི་ དེ་ལས་ ཆུ་བཀང་ནི་གི་དོན་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

སྒང་ཟུར་གཡུས་ཚན་ནང་གི་ མི་ཚུ་གིས་ ཁོང་རའི་གཡུས་ཁ་ལུ་ རྫམ་བཟོ་ནི་གི་སྲོལ་འདི་ ནམ་ལས་འགོ་བཙུགས་ཡོདཔ་ཨིན་ན་ ག་གིས་ཡང་ མི་ཤེས་དོ་ཡོདཔ་ཨིན་མས།