གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

གསར་སྤང་ལུ་ ཕྱགམ་གི་ཚོང་འབྲེལ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༧

༉ གསར་སྤང་རྫོང་ཁག་ནང་ལུ་ མི་སེར་སོ་ནམ་པ་ཚུ་གིས་ རྩྭ་ཀུ་ཤ་གི་ཕྱགམ་ ཚོང་འབྲེལ་འཐབ་ནི་འདི་ ཡོངས་གྲགས་ཐོན་དོ་ཡོདཔ་ཨིན་མས།

འདི་ཡང་ དགའ་སྐྱིད་གླིང་རྒེད་འོག་གི་ ནགས་ཚལ་ཡིག་ཚང་གིས་ མི་སེར་སོ་ནམ་པ་ཚུ་ལུ་ ཕྱགམ་བཙོང་འབྱིན་ནི་གི་ཐད་ཁར་ རྒྱ་གར་གྱི་ཚོང་པ་ཚུ་འབོ་སྟེ་ རིན་བསྡུར་འབད་ནི་ནང་ ཆ་རོགས་འབད་ནི་འགོ་བཙུགས་པའི་ཤུལ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ ཧེ་མ་འབད་བ་ཅིན་ ཕྱགམ་ཚུ་བཙོང་སའི་ས་སྒོ་ཅིག་མེད་ནི་འདི་གིས་ བདུན་ཕྲག་ཨ་རྟག་རང་ ཕྱགམ་བཙོང་པར་ ལཱ་ཁག་འབད་ ཁྲོམ་ཁ་ལུ་ འོང་དགོ་ཟེར་བཤད་ཅི།

ཨིན་རུང་ དེ་བསྒང་ ཕྱགམ་ཆག་པ་ རེ་གཉིས་ལས་བརྒལ་བཙོང་ཚུགས་པའི་ཐབས་མེདཔ་ལས་ སྟབས་མ་བདེ་ཁག་ཁ་འབད་སྡོད་ཡི་ཟེར་ཨིན་མས།

ད་རེས་འབད་བ་ཅིན་ མི་སེར་ཚུ་གིས་ ཕྱགམ་ཚུ་ ཚར་གཅིག་གུར་བཙོང་ཚུགས་ཏེ་ཡོདཔ་མ་ཚད་ ཏི་རུ་ཚུ་ཡང་ དུས་འཕྲོལ་ལས་ཐོབ་ཚུགས་ནི་འདི་གིས་ ལཱ་འབད་ངོ་བདེ་ཏོང་ཏོ་འགྱོ་སྟེ་འདུག

གསར་སྤང་གི་མི་ཚུ་གིས་ ཕྱགམ་གི་དོན་ལས་ རྩྭ་ཀུ་ཤ་ཚུ་ཡང་ བཟའ་སྤྱོད་མ་འབད་བར་ཡོད་མི་ ས་གཞི་ཚུ་ནང་ལུ་ བཙུགསཔ་ཨིན་མས།

དགའ་སྐྱིད་གླིང་རྒེད་འོག་གི་ ནགས་ཚལ་ཡིང་ཚང་ནང་ལས་ གླིང་འཛིན་འགོ་དཔོན་ ཀརྨ་རྒྱ་མཚོ་གིས་སླབ་མི་ནང་ ཧེ་མ་འབད་བ་ཅིན་ རྩ་ཀུ་ཤ་འདི་ ས་ཆ་ཨེ་ཀར་༣་དེ་ཅིག་གི་ནང་ལུ་རྐྱངམ་ཅིག་བཙུགས་ཏེ་ཡོད་ཟེར་ཨིན་མས།

ཨིན་རུང་ ནགས་ཚལ་ཡིག་ཚང་གི་ཁ་ཐུག་ལས་ རྩྭ་ཀུ་ཤ་གི་ལྕམ་ཚུ་འབྱིན་ཏེ་ ཆ་རོགས་འབད་བའི་ཤུལ་ ས་ཆ་ཨེ་ཀར་༡༥་གི་ནང་ལུ་ རྒྱ་སྐྱེད་བཏང་ཚུགས་ཏེ་ཡོད་ཟེར་བཤད་ཅི།

དགའ་སྐྱིད་གླིང་རྒེད་འོག་གི་ ནགས་ཚལ་ཡིག་ཚང་གིས་ གྲོང་གསེབ་འཚོ་ཐབས་ལས་འགུལ་གྱི་རྒྱབ་སྐྱོར་ཐོག་ལས་ སྤྱི་ལོ་༢༠༡༣་ལས་རང་ མི་སེར་སོ་ནམ་པ་ཚུ་ལུ་ ཕྱགམ་རིན་བསྡུར་འབད་དེ་ བཙོང་ནི་ནང་ལུ་ རྒྱབ་སྐྱོར་ཚུ་འབད་དེ་འདུག