གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་ དགེ་ལེགས་ཕུག་ལས་ འཛུལ་ཆོགཔ་སྦེ་བཟོ་བ་ཅིན་ཟེར་བའི་ ཞུ་བ་ཕུལ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༦

༉ དགེ་ལེགས་ཕུག་གི་ ཚོང་པ་ཚུ་གིས་ ཁོང་གི་ཚོང་འབྲེལ་འདི་ ལེགས་ཤོམ་འགྱོ་ནི་གི་དོན་ལས་ གཞུང་གིས་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་ དགེ་ལེགས་ཕུག་ལས་ འཛུལ་ཆོགཔ་སྦེ་བཟོ་བ་ཅིན་ཟེར་བའི་ ཞུ་བ་ཕུལ་ཡོདཔ་ཨིན།

ཞུ་བ་འདི་ཡང་ ཁ་ཉིནམ་ བསྟན་རྒྱས་བློན་པོ་དང་ཅིག་ཁར་ ཞལ་འཛོམས་ཅིག་ཚོགས་པའི་སྐབས་ལུ་ ཕུལ་ཡོདཔ་ཨིན།

ད་རེས་བཟུམ་ཅིག་འབད་བ་ཅིན་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་ ཕུན་ཚོགས་གླིང་ལས་རྐྱངམ་ཅིག་ འཛུལ་ཆོགཔ་ཨིན་མས།

ཚོང་པ་ཚུ་གིས་སླབ་མི་ནང་ གནམ་བྱཱར་ལུ་ དགེ་ལེགས་ཕུག་གི་ ཟ་ཁང་མང་ཤོས་ཅིག་ར་ སྟོངམ་སྦེ ་ལུསཔ་མས་ཟེར་ཨིན་མས།

འདི་གི་ལན་ལུ་ བསྟན་རྒྱས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་གསུང་མི་ནང་ དཀའ་ངལ་འདི་ མགྱོགས་པ་ར་ ལུང་ཕྱོགས་བལྟ་བཤལ་གྱི་སྲིད་བྱུས་འདི་ ཆ་འཇོག་གྲུབ་ཞིནམ་ལས་བསལ་ཚུགས་ཟེར་ཨིནམ་དང་ སྲིད་བྱུས་འདི་ ཆ་འཇོག་གྲུབ་ཞིནམ་ལས་ ལུང་ཕྱོགས་བལྟ་བཤལཔ་ཚུ་གི་ འགྲུལ་སྐྱོད་ཆོག་ཐམས་འདི་ ཡོངས་འབྲེལ་གྱི་ཐོག་ལས་ ཐོབ་ཚུགས་ཟེར་ཨིན་མས།

འདི་བཟུམ་སྦེ་ བསྟན་རྒྱས་བློན་པོ་གིས་ འདི་ཁར་འཛོམས་མི་ཚུ་ལུ་ གཞུང་གི་ཆ་འཇོག་གནང་སྟེ་ཡོད་མི་ དཔལ་འབྱོར་གོང་འཕེལ་གྱི་སྲིད་བྱུས་དང་ འཇིགས་མེད་གླིང་ལུ་ ས་ཆ་ཨེ་ཀར་༧༥༦དེ་ཅིག་ བཟོ་གྲྭ་འཕྲུལ་ཁང་གི་ས་སྒོ་བཟོ་ནི་ཨིན་མི་ཚུ་གི་སྐོར་ལས་ཡང་ གོ་བ་བཤད་དེ་གནང་ནུག