གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ འཐུང་ཆུ་ལངམ་སྦེ་འཐོབ་ནི་གི་དོན་ལས་ ད་རུང་རང་ ལོ་གཅིག་ལྷགཔ་ཅིག་ བསྒུག་སྡོད་དགོ་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༦

WaterProblem-NA༉ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ འཐུང་ཆུ་ལངམ་སྦེ་ འཐོབ་ནི་གི་དོན་ལས་ ད་རུང་རང་ ལོ་གཅིག་ལྷགཔ་ཅིག་ བསྒུག་སྡོད་དགོ་ནི་ཨིན་མས།

འདི་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ཞབས་ཏོག་བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་ཞུ་མི་ནང་ བྱང་ཐིམ་ཕུག་ལུ་ཡོད་པའི་ མདོ་སྡེ་ན་ལུ་སྦེ་ འཐུང་ཆུའི་ལས་འགུལ་སྦོམ་ཅིག་ འབད་བའི་བསྒང་ར་ཡོད་ཟེར་ཨིན་མས།

ངང་ལམ་གྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཆོས་གྲགས་རྒྱ་མཚོ་གིས་ ཞབས་ཏོག་བློན་པོ་ལུ་ རྒྱལ་ཁབ་ནང་ལུ་ ལས་དོན་མ་འདྲཝ་ཚུ་གི་དོན་ལས་ ཆུ་བཀྲམ་སྤེལ་འབད་ནི་གི་ ལས་འགུལ་ཚུ་ ཡར་དྲག་ག་དེ་སྦེ་རང་ བཏང་དོ་ག་ཟེར་དྲི་བ་ཞུ་ཡི།

ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ཞུ་མི་ནང་ ཐིམ་ཕུག་ཁྲོམ་ཁར་སྡོད་མི་ མི་སྟོང་༡༤་ལྷགཔ་ཅིག་གི་དོན་ལས་ ཉིམ་ཨ་རྟགས་རང་ འཐུང་ཆུ་ལི་ཀྲར་ས་ཡ་༣ དེ་ཅིག་གིས་ ཁྱབ་མི་ཚུགས་དོ་ཡོདཔ་ཨིན་མས།

ཨིན་རུང་ ད་རེས་ མདོ་སྡེ་ན་ལུ་ འཐུང་ཆུའི་ལས་འགུལ་སྦོམ་ཅིག་ རྐྱབ་དོ་ཡོད་མི་འདི་ སང་ཕོད་སྤྱི་ཟླ་༩་པའི་ནང་ མཇུག་བསྡུ་བའི་བསྒང་ལས་ དཀའ་ངལ་འདི་སེལ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཞབས་ཏོག་བློན་པོ་གིས་ཞུ་མི་ནང་ མདོ་སྡེ་ན་ལུ་ཡོད་པའི་ འཐུང་ཆུའི་ལས་འགུལ་བཟུམ་སྦེ་རང་ བསམ་གྲུབ་ལྗོངས་མཁར་ལུ་ཡང་ བརྐྱབ་པའི་བསྒང་རང་ཡོད་ཟེར་ཞུ་ཡི།

འདི་གི་མ་ཚད་ མོང་སྒར་དང་སྤ་རོ་ རྩི་རང་དང་ཕུན་ཚོགས་གླིང་གི་ ས་གནས་ཚུ་ནང་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་ སེལ་ནི་གི་དོན་ལས་ ལོ་ལྔ་འཆར་གཞི་༡༡་པའི་ནང་ལུ་ མ་དངུལ་ས་ཡ་༥༠༠་དེ་ཅིག་ བགོ་བཀྲམ་འབད་དེ་ཡོདཔ་སྦེ་ཨིན་མས།