ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་བཀག་དམ་ གོ་རིམ་སྦེ་ ཡངས་ཆག་བཏང་དོ་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་བཀག་དམ་འབད་དེ་ ཉིནམ་ ༡ འགྱོ་བའི་ཤུལ་མ་ ད་རིས་ལས་ འགྲོ་འགྲུལ་བཀག་དམ་འདི་ གོ་རིམ་སྦེ་ ཡངས་ཆག་གཏང་ནི་ འགོ་བཙུགས་ནུག

འདི་ཡང་ ཁ་ཙ་ བསྡུ་ལེན་འབད་དེ་ཡོད་མི་ དཔེ་ཚད་ཆ་མཉམ་ལུ་རང་ ནད་གཞི་འདི་མེདཔ་སྦེ་ འཐོན་པའི་ཤུལ་ལུ་ཨིན་མས།

ལྷོ་ཕྱོགས་ཀོ་ཝིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ནད་གཞི་ཐོབ་མི་དང་གཅིག་ཁར་ ཐད་ཀར་གྱི་འབྲེལ་བ་ཡོད་མི་ ༥ དང་ ཨམ་སྲུ་འདི་ལཱ་འབད་སའི་ ཟ་ཁང་ནང་འོང་མི་ ༣༠༠ དེ་ཅིག་ལུ་ ནད་ཡམས་ཀྱི་བརྟག་དཔྱད་འབད་དེ་འདུག

ཕུན་ཚོགས་གླིང་ལུ་ ཁ་ཙ་ ལག་ཀི་ཟ་ཁང་ནང་ལཱ་འབད་མི་ སྐྱེས་ལོ་ ༣༧ ལང་མི་ཨམ་སྲུ་འདི་ལུ་ ནད་གཞི་ཀོ་ཝིཌ་-༡༩ ཐོབ་སྟེ་ཡོདཔ་སྦེ་ ངོས་འཛིན་འབྱུང་པའི་ཤུལ་མ་ ཁྲོམ་འདི་ཁར་ ཉིནམ་ ༣ གྱི་རིང་ལུ་ འགྲོ་འགྲུལ་བཀག་དམ་འབད་དེ་ཡོདཔ་ཨིན།

ཕུན་ཚོགས་གླིང་ལུ་ཡོད་པའི་ དོས་ཕབ་ལེན་འབད་སའི་ས་གོ་ནང་ ཕྱིར་ཚོང་དང་ནང་འདྲེན་ཚུ་ འགོ་འདྲེན་འཐབ་བཅུག་སྟེ་ཡོད་པའི་ཁར་ པ་ས་ཁ་གི་བཟོ་གྲྭ་འཕྲུལ་ཁང་ཚུ་དང་ ས་གནས་སོར་ཆེན་ལུ་ སྣུམ་འཁོར་གྱི་དེད་གཡོགཔ་སོར་ནི་གི་ལས་སྣ་ཚུ་ཡང་ འགོ་འདྲེན་འཐབ་བཅུག་སྟེ་སྦེ་འདུག

འདི་ཡང་ ཅ་ཆས་ཚུ་འབག་མི་ སྣུམ་འཁོར་ ༢༠༠ ལྷགཔ་ཅིག་ རྒྱུན་འགྲུལ་འཐབ་བཅུག་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ གཞན་མི་ས་སྒོ་ཚུ་ནང་འགྱོ་མི་ སྣུམ་འཁོར་ ༡༥ དེ་ཅིག་ཡང་ ནད་ཡམས་ཀྱི་བརྟག་དཔྱད་འབད་བའི་སྐབས་ ནད་གཞི་འདི་མེདཔ་སྦེ་ འཐོན་པའི་ཤུལ་མ་ འགྲོ་འགྲུལ་འབད་བཅུག་སྟེ་འདུག

ད་རུང་ ལས་བྱེད་ཚོགས་ཆུང་འདི་གིས་ འབྲུག་མི་ ༢༠ དེ་ཅིག་དང་ རྒྱ་གར་གྱི་མི་ཁུངས་ ༡༠ ལྷགཔ་ཅིག་ཡང་ རྒྱལ་ཁབ་ཀྱི་ཕྱི་ཁར་འགྱོ་ནི་ནང་ རྒྱབ་སྐྱོར་ཚུ་འབད་ནུག

ཨིན་རུང་ ད་རེས་ ཁྲོམ་འདི་ནང་ གློ་བུར་གྱི་ཞབས་ཏོག་བྱིན་མི་ཚུ་རྐྱངམ་ཅིག་མ་གཏོགས་ མི་དང་སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་བཅུག་ནི་འདི་ དམ་དམ་སྦེ་རང་ བཀག་ཆ་འབད་དེ་འདུག

ད་རུང་ ད་རིས་ ཚོགས་ཆུང་འདི་གིས་ ཟ་ཁང་འདི་ནང་འོང་སྟེ་ཡོད་མི་ མི་ངོམ་ ༧ དང་ སྣུམ་འཁོར་ཀྲག་དང་ གླ་འཁོར་གཏང་མི་ བརྒྱ་ལྷགཔ་ཅིག་ལུ་ཡང་ ནད་ཡམས་ཀྱི་བརྟག་དཔྱད་ཚུ་འབད་ནུག

ཨིན་རུང་ ཁོང་ཆ་ཁྱབ་ཀྱི་གྲུབ་འབྲས་འདི་ ད་ལྟོ་ མ་འཐོན་པར་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ ནད་འབུཔ་ཐོབ་མི་ཨམ་སྲུ་འདི་ ནདཔ་སོ་སོ་སྦེ་ བཞག་སའི་ཁང་མིག་ནང་ བསྐྱེལ་ཏེ་ཡོདཔ་མ་ཚད་ མོ་ལུ་ཐོབ་མི་གི་ནད་འབུཔ་འདི་ ག་ཅི་ཟེར་མི་འདི་ཨིན་ན་ བརྟག་དཔྱད་འབད་ནི་གི་དོན་ལུ་ མོ་གི་དཔེ་ཚད་འདི་ ཐིམ་ཕུག་ལུ་ཡོད་པའི་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་ནང་ བཏང་སྟེ་སྦེ་འདུག

གནས་ཚུལ་བསྡུ་ལེན་འབད་མི་ ཆོས་ཉིད་སྒྲོལ་མ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube