སྒྲ་དབྱངས་ལོག་སྒོ་ཕྱི་ནི་གི་དོན་ལུ་ ཁྱད་རིག་ཅན་ཅིག་སྦེ་བཟོ་དགོཔ།

༉ གཞུང་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ཡོད་པའི་སྒྲ་དབྱངས་ཚུ་ ལོག་སྟེ་ར་སྒོ་ཕྱི་དགོ་པ་ཅིན་ འཕྲལ་རིག་གི་ཁྱད་ཚད་ཚུ་ཚང་དགོ་པའི་ཁར་ ཞབས་ཁྲ་བརྐྱབ་ནི་དང་འཐེན་ནི་གི་དོན་ལུ་ ཏི་རུ་ལེན་ནི་གི་ལམ་ལུགས་འདི་ཡང་ མེདཔ་སྦེ་བཟོ་དགོཔ་སྦེ་ཨིན་མས།

གནད་དོན་འདི་ཡང་ ཧེ་མའི་ཟླཝ་ནང་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ཞལ་འཛོམས་ཚོགསཔ་ད་ལུ་ ཐག་བཅད་དེ་འདུག

ཨིན་རུང་ གནད་དོན་འདི་གི་ཐད་ཁར་ འབྲུག་སྒྲ་དབྱངས་ཚོགས་པའི་ཁྲི་འཛིན་ སྐལ་བཟང་ཕུག་ཚོགས་ཀྱིས་སླབ་མི་ནང་ ཁོང་ལུ་ གཞུང་ལས་ བཀོད་རྒྱ་ གསལ་རིལ་རི་ཅིག་ ག་ནི་ཡང་མ་ཐོབ་ཟེར་བཤད་ཅི།

བློན་ཆེན་ཡིག་ཚང་དང་འཁྲིལ་བ་ཅིན་ བསྟན་རྒྱས་ལྷན་ཁག་གིས་ སྒྲ་དབྱངས་ལོག་སྒོ་ཕྱེ་ནི་གི་ཐད་ཀར་ ད་ལྟོ་ མཐའ་དཔྱད་ཀྱི་ཆ་འཇོག་གྲུབ་ནི་ལུ་ བསྒུག་པའི་བསྒང་ར་འདུག་ཟེར་ཨིན་མས།

ཨིན་རུང་ སྤྱི་ཟླ་༧་པའི་ནང་ལུ་ ལྷན་རྒྱས་གཞུང་ཚོགས་ཚོགས་པའི་སྐབས་ལུ་ སྒྲ་དབྱངས་ཚུ་ནང་ལུ་ འཕྲུལ་རིག་གི་དགོས་མཁོ་ཚུ་ གྲུབ་ནི་གི་དོན་ལུ་ རྒྱལ་ཡོངས་སི་ཨེས་ཨའི་དངུལ་ཁང་བརྒྱུད་དེ་ སྐྱིན་འགྲུལ་གྱི་རྒྱབ་སྐྱོར་འབད་ནི་སྦེ་ གྲོས་ཐག་ཆོད་ནུག

འདི་བཟུམ་སྦེ་ སྒྲ་དབྱངས་ཀྱི་ཚོང་ལཱ་འདི་བཞག་སྟེ་ གཞན་མི་ཚོང་བརྐྱབ་ནི་གི་དོན་ལུ་ཡང་ རྒྱབ་སྐྱོར་འབད་ནི་སྦེ་ཨིན་མས།

ཨིན་རུང་ འདི་ལུ་ འབྲུག་སྒྲ་དབྱངས་ཚོགས་པའི་ཁྲི་འཛིན་ སྐལ་བཟང་ཕུན་ཚོགས་ཀྱིས་སླབ་མི་ནང་ བསྐྱིན་འགྲུལ་འདི་གི་དོན་ལུ་ གཏའ་མ་ཚུ་ག་ནི་ཡང་བཙུགས་མ་དགོ་རུང་ རྒྱབ་མི་འདི་ ཞི་གཡོགཔ་དང་ ཡང་ན་ ཏི་རུ་ཡོད་མི་ཅིག་རང་དགོ་ནི་འདི་གིས་ འཇམ་ཏོང་ཏོ་ཅིག་མིན་འདུག་ཟེར་བཤད་ཅི།

བློན་ཆེན་ཡིག་ཚང་གིས་བཀོད་མི་ནང་ རྒྱལ་ཡོངས་སི་ཨེས་ཨའི་དངུལ་ཁང་ནང་ལུ་ སྐྱིན་འགྲུལ་གྱི་ཞུ་ཡིག་༥༦་ལྷོད་ས་ལས་ ཞུ་ཡིག་༣༤་སྤྲོ་སྟོན་ཁང་དང་འབྲེལ་བ་ཡོད་མི་ཚུ་ལས་ ཆ་འཇོག་འབད་དེ་ཡོདཔ་ལས་ ཏི་རུ་ཚུ་ཡང་ ད་རེས་ཀྱི་བདུན་ཕྲག་ནང་ལུ་ར་ བྱིན་འོང་ཟེར་ཨིན་མས།

རྒྱལ་ཁབ་ནང་ལུ་ ནད་ཡམས་ཐོན་པའི་ཤུལ་ སྒྲ་དབྱངས་བཟུམ་གྱི་ སྤྲོ་སྟོང་ཁང་ཚུ་ ན་ཧི་སྤྱི་ཟླ་༣་པའི་ནང་ལས་ སྒོ་བསྡམ་བཞག་དགོཔ་ཐོན་ཏེ་ཡོདཔ་ཨིན།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube