གཟའ་ཕུར་བུ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢༧

གྱོས་ངན་བརྩམ་མི་དང་ གཞན་མི་ཉེས་ལས་ཚུ་འཐབ་ཡོད་པའི་ཉེས་པ་ལུ་ བཙོན་ཁྲིམས་ ལོ་༥ལས་ཕྱེད་ད་༡༣ཚུན་ཚོད་བཀལ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༣ ༢༠༢༡

 ༉ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་མདུན་ས་ལས་ ད་རིས་ གྱེན་ལོག་དམག་བརྒོལ་རྒྱུད་བསྐུལ་གྱི་གནོད་འགེལ་འཐབ་ཡོད་པའི་ཉེསཔ་ལུ་ མཁའ་འགྲོ་དབང་མོ་དང་ འཕྲིན་ལས་སྟོབས་རྒྱས་ དེ་ལས་ ཀུན་ལེགས་ཚེ་རིང་དང་ ཡེ་ཤེས་རྡོ་རྗེ་ཚུ་ལུ་ ལོ་༥་ལས་ ལོ་ཕྱེད་ད་༡༣་ཚུན་ཚོད་ཀྱི་བཙོན་ཁྲིམས་བཀལ་ནུག

འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཉེས་ཅན་མཁའ་འགྲོ་དབང་མོ་ལུ་ བཙོན་ཁྲིམས་ལོ་༢༡་ཕོག་སྟེ་ཡོད་རུང་ བཙོན་ཁྲིམས་སྟབས་ཅིག་སྦེ་ ལོ་༩་བཀལ་ནུག

མོ་ལུ་ གྱེན་ལོག་དམག་རྒོལ་དང་ རྒྱུད་བསྐུལ་གྱི་གནོད་འགེལ་འཐབ་ཡོད་པའི་ཉེས་སྐྱོན་དང་ རྒྱུ་དངོས་ཚུ་ ཚུལ་མིན་སྤྱོད་པའི་གནོད་འགེལ་ དེ་ལས་ གཡོ་སྒྱུས་མ་བྱིན་པ་ལེན་པའི་གནོད་འགེལ་དང་ ཁྲིམས་འགལ་ཐོག་ གོ་མཚོན་འཆང་བའི་གནོད་འགེལ་ འདི་བཟུམ་སྦེ་ སྒྲིག་ཆས་ཀྱི་མི་ངོ་ བརྫུས་མ་བཟོ་བའི་གནོད་འགེལ་འཐབ་སྟེ་ཡོད་པའི་ཉེས་པ་ཕོག་སྟེ་ཡོདཔ་ཨིན།

ད་རུང་མོ་གིས་ ཡིག་ཚང་གི་བྱ་སྤྱོད་ངན་པ་དང་ བརྡབ་གསིག་འབད་ཡོད་པའི་ཉེས་པ་ལུ་ བཙོན་ཁྲིམས་ལོ་༡དང་ ཟླཝ་༦་བཀལ་ཡོད་རུང་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་མས།

ཉེས་ཅན་མཁའ་འགྲོ་དབང་མོ་འདི་ ན་ཧི་ སྤྱི་ཟླ་༧་པའི་ནང་ལུ་བཟུང་ནུག

ཨིན་རུང་ མཁའ་འགྲོ་དབང་མོ་ལུ་ ཡིག་ཚང་བྱ་སྤྱོད་ངན་པ་དང་ ཧེ་མའི་ལྕང་རྒཔོ་བཀའ་འགྱུར་འཛིན་བཟུང་བཀའ་རྒྱ་དང་འབྲེལ་བའི་ ཉེས་འཛུགས་ཁག་གཉིས་བཀལ་མི་འདི་ ཆ་མེད་གཏང་ཡོདཔ་ཨིན་མས།

དེ་ལས་ རྒྱལ་པོའི་སྐུ་སྲུང་དམག་སྡེའི་མདོ་འཛིན་བགྲེསཔ་ འཕྲིན་ལས་སྟོབས་རྒྱས་ལུ་ཡང་བཙོན་ཁྲིམས་ལོ་༡༨བཀལ་ཏེ་ཡོད་རུང་ ཁྲིམས་སྟབས་ཅིག་སྦེ་ ལོ་༡༠་བཀལ་ནུག

འདི་ཡང་ ཁོ་གིས་ གྱེན་ལོག་དམག་བརྒོལ་རྒྱུད་བསྐུལ་གྱི་གནོད་འགེལ་འཐབ་ཡོད་པའི་ཉེས་སྐྱོན་དང་ རྒྱུ་དངོས་ཚུལ་མིན་སྤྱོད་པའི་གནོད་འགེལ་ དེ་ལས་ ཁྲིམས་འགལ་ཐོག་ གོ་མཚོན་འཆང་བ་དང་ སྒྲིག་ཆས་ཀྱི་མི་ངོ་བརྫུས་མ་བཟོ་བའི་གནོད་འགེལ་འཐབ་ནི་ནང་ སྡོང་ཟླ་དང་རྒྱུད་བསྐུལ་འབད་ཡོད་པའི་ཉེས་པ་ལུ་བརྟེན་ཏེ་ཨིན་མས།

ད་རུང་ ཁོ་གིས་ ཡིག་ཚང་གི་བྱ་སྤྱོད་ངན་པ་དང་ བརྡབ་གསིག་འབད་ཡོད་པའི་ཉེས་པ་ལུ་ བཙོན་ཁྲིམས་ལོ་༢དང་ ཟླཝ་༦་བཀལ་ཡོད་རུང་བཙོན་ཁྲིམས་འདི་གི་ཚབ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་མས།

ཉེས་ཅན་འཕྲིན་ལས་སྟབས་རྒྱས་འདི་ ན་ཧི་སྤྱི་ཟླ་༡༡་པའི་ནང་ལུ་བཟུང་ནུག

ད་རུང་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་ལུ་ གྱེན་ལོག་དམག་རྒོལ་རྒྱུད་བསྐུལ་གྱི་གནོད་འགེལ་འཐབ་ཡོད་པའི་ཉེས་པ་ལུ་ ལོ་༥གི་བཙོན་ཁྲིམས་བཀལ་ནུག

ཨིན་རུང་ ཁོ་ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་གནོད་འགེལ་དང་ ཁྲིམས་མཐུན་དབང་འཛིན་ལུ་ བརྒོལ་འགོག་འབད་ཡོད་པའི་ཉེས་འཛུགས་བཀལ་མི་འདི་ ཆ་མེད་བཏང་སྟེ་ཡོདཔ་ཨིན་མས།

དེ་ལས་ པདྨ་དགའ་ཚལ་གྱི་དྲང་དཔོན་ ཡེ་ཤེས་རྡོ་རྗེ་ལུ་ གྱེན་ལོག་དམག་བརྒོལ་གྱི་རྒྱུད་བསྐུལ་གྱི་གནོད་འགེལ་དང་ གཡོ་སྒྱུས་མ་བྱིན་པར་ལེན་པའི་གནོད་འགེལ་ནང་ རྒྱབ་སྐྱོར་འབད་ཡོད་པའི་ཉེས་པ་ལུ་ བཙོན་ཁྲིམས་ལོ་༨་ཕོག་སྟེ་ཡོད་རུང་ སྟབས་གཅིག་སྦེ་ ལོ་༥གི་བཙོན་ཁྲིམས་སྦེ་བཞག་ནུག

ཁོང་ཆ་ཁྱབ་ དུས་ཅི་ སྤྱི་ཟླ་༢་པའི་ནང་ལུ་ བཟུང་ཡོདཔ་ཨིན་མས།

ཁོང་ཉེས་ཅན་ཆ་ཁྱབ་ཡང་ བསྟན་སྲུང་དྲག་པོའི་གཙོ་འཛིན་ གུང་བློན་གོངམ་བཏོན་བཏང་ནི་ནང་ གྱོས་ངན་བརྩམ་མི་དང་ ཡིག་ཚང་གི་བྱ་སྤྱོད་ངན་པ་ དེ་ལས་ གདོང་ཟླ་དང་བརྒྱུད་བསྐུལ་དང་ གཞན་མི་ཉེས་ལས་ཚུ་འབད་ནི་གི་དཔའ་བཅམ་སྟེ་ཡོདཔ་སྦེ་ཨིན་མས།