ནོར་ཨརཝ་བརྐུ་མི་ཕོ་སྐྱེས་དྲུག་ལུ་ ཟླཝ་༣ ལས་ལོ་༡ ཚུན་གྱི་བཙོན་ཁྲིམས།

༉ ཁ་ཙ་ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ དབང་འདུས་ཕོ་བྲང་ སྦྱེ་ནག་རྒེད་འོག་ནང་ལས་ ནོར་༥ ཨརཝ་བརྐུ་ཡོད་པའི་ཉེས་པ་ལུ་བརྟེན་ ཕོ་སྐྱེས་༦ ལུ་ བཙོན་ཁྲིམས་ ཟླཝ་༣ ལས་ལོ་༡ ཚུན་གྱི་ འཁྲུན་ཆོད་གནང་ནུག

འཁྲུན་ཆོད་འདི་དང་འཁྲིལ་པ་ཅིན་ ཁོང་ཉེས་ཅན་ཆ་ཁྱབ་ལུ་ འཁྲོན་ཆོད་གནང་པའི་ ཉིནམ་ལས་འགོ་བཙུགས་ཏེ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ནོར་གྱི་ཇོ་བདག་༤ ལུ་ རྒུད་འཐུས་དངུལ་ཀྲམ་འབུམ་༡ ལྷགཔ་ཅིག་ སྤྲོད་དགོཔ་སྦེ་འཁོད་དེ་འདུག

ད་རུང་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ སྦྱེ་ནག་རྒེད་འོག་ལས་ཨིན་མི་ སྐྱེས་ལོ་༤༠ དང་༥༥ ལང་མི་ཕོ་སྐྱེས་༢ ལུ་ ཧེ་མ་ལས་ཡང་ ཁྲིམས་འགལ་གྱི་ལཱ་འབད་ཡོད་པའི་ ཐོ་བཀོད་ཡོད་ནི་འདི་གིས་ ཁྲིམས་འཐུས་བཏབ་མ་མཆོག་པའི་ བཙོན་ཁྲིམས་ལོ་རེ་བཀལ་ཏེ་འདུག

འདི་བཟུམ་སྦེ་ སྐྱེས་ལོ་༣༦ ལས་༤༨ ཀྱི་བར་ན་འབད་མི་ ཕོ་སྐྱེས་༣ ལུ་ བཙོན་ཁྲིམས་ཟླཝ་དྲུག་རེ་བཀལ་ཏེ་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ ཁྲིམས་འཐུས་བཏབ་མཆོག་ནི་ཨིན་མས།

ཁོང་ཉེས་ཅན་ཕོ་སྐྱེས་༥ གིས་ དུས་ཅི་ སྤྱི་ཟླ་༢ པའི་ནང་ལུ་ ནོར་༨ ཨརཝ་བརྐུ་ཡོདཔ་ཨིན་རུང་ ནོར་༣ འདི་ རྩི་རང་ལས་ ལོག་ཐོབ་པའི་ཤུལ་ལུ་ ཇོ་བདག་ཚུ་ལུ་ རྩིས་སྤྲོད་ནུག

དེ་ལས་ སྐྱེས་ལོ་༣༨ ལང་མི་ ཚོང་པ་ཅིག་ལུ་ ཁྲིམས་འཐུས་བཏབ་མཆོག་པའི་ བཙོན་ཁྲིམས་ཟླ་༣ གྱི་ འཁྲུན་ཆོད་གནང་ཡོདཔ་ད་ འདི་ཡང་ ཁྲིམས་འགལ་གྱི་ལཱ་འབད་ནི་ནང་ སྡོང་ཟླ་དང་རྒྱུད་བསྐུལ་འབད་ཡོད་པའི་ ཉེས་པ་ལུ་བརྟེན་ཏེ་ཨིན་མས།

འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཚོང་པ་འདི་གིས་ ཨརཝ་བརྐུ་ཡོད་པའི་ནོར་ཚུ་ ཁོ་རའི་ སྣུམ་འཁོར་ནང་བཙུགས་འབག་ཞིནམ་ལས་ རྩི་རང་ལུ་ ནོར་བསད་སའི་ས་གོ་ནང་ བཀལ་ནུག་ཟེར་ཨིན་མས།

སྦྱེ་ནག་རྒེད་འོག་གི་མི་ཚུ་གིས་ ཧེ་མ་ ང་བཅས་རྒྱང་བསྒྲག་ལུ་སླབ་མི་ནང་ དུས་ཅི་ལོ་༡ གི་ནང་འཁོད་ ཁོང་ཆ་ཁྱབ་ཀྱི་ནོར་༡༩ དེ་ཅིག་ འབྱང་ཡོདཔ་སྦེ་བཤད་ཡོདཔ་ཨིན་རུང་ ཁྲིམས་ཀྱི་འདུན་ས་ལུ་ལྷོདཔ་ད་ ཉེས་ཅན་ཚུ་གིས་ ནོར་༨ རྐྱངམ་གཅིག་ ཨརཝ་བརྐུ་ཡོདཔ་སྦེ་ ཞུ་ཡོདཔ་སྦེ་ཨིན་མས།

འཁྲུན་ཆོད་འདི་ལུ་ བསམ་མ་རྫོགས་པ་ཅིན་ ཉེས་ཅན་ཆ་ཁྱབ་ཀྱིས་ འཁྲུན་ཆོད་གནང་པའི་ཉིནམ་ལས་འགོ་བཙུགས་ཏེ་ ཞག་གྲངས་༡༠ གི་ནང་འཁོད་ མཐོ་གཏུགས་ཞུ་ཆོག་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ བཅོ་ལྔ་རྡོ་རྗེ། དབང་འདུས་ཕོ་བྲང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube