རྩི་རང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཕོ་སྐྱེས་ཅིག་ལུ་ ལྷན་བསྡོམས་ཀྱི་བཙོན་ཁྲིམས་ལོ་༥ གི་ འཁྲུན་ཆོད་བཏོན་ཡོདཔ།

༉ ཁ་ཙ་ རྩི་རང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ལོ་༢༧ ལང་མི་ཕོ་སྐྱེས་ཅིག་ལུ་ ཨརཝ་ཁག་ལེ་ཤ་བརྐུ་བའི་ཉེས་པ་ལུ་བརྟེན་ ལྷན་བསྡོམས་ཀྱི་བཙོན་ཁྲིམས་ལོ་༥ གི་ འཁྲུན་ཆོད་བཏོན་གནང་ནུག

ཕོ་སྐྱེས་འདི་ རྩི་རང་གི་ཁྲིམས་སྲུང་འགག་པ་གིས་ ན་ཧིང་སྤྱི་ཟླ་༩ པའི་ནང་བཟུང་ཡོདཔ་ཨིན་མས།

འཁྲུན་ཆོད་འདི་དང་འཁྲིལ་པ་ཅིན་ ཉེས་ཅན་ཕོ་སྐྱེས་འདི་ལུ་ ཨརཝ་བརྐུ་བའི་ ཉེས་འཛུགས་ཁག་༡༧ ཕོག་ཡོདཔ་སྦེ་ཨིན་མས།

ད་རུང་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཕོ་སྐྱེས་འདི་གིས་ སྤྱི་ལོ་༢༠༡༩ གི་སྤྱི་ཟླ་༢ པ་ལས་ ན་ཧིང་ སྤྱི་ཟླ་༩ པ་ཚུན་ཚོད་ འགྲམ་ཕུག་ཁྲོམ་དང་ཉེ་འདབས་ཀྱི་ ཚོང་ཁང་ཚུ་གི་ནང་ལས་ ཏི་རུ་དང་གཅིག་ཁར་ དངུལ་ཀྲམ་སྟོང་ཕྲག་༨༢ ལྷགཔ་ཅིག་གནས་པའི་ ཟ་འཐུང་གི་ཅ་ཆས་ཚུ་ ཨརཝ་བརྐུ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཉམས་རྒུདཔ་ག་ར་གིས་ ཨརཝ་ཤོར་ཡོད་པའི་ ཁོང་གི་ཏི་རུ་དང་ ཟ་འཐུང་གི་ཅ་ཆས་ ལོག་མ་དགོཔ་སྦེ་ སླབ་ཡོདཔ་སྦེ་ཨིན་མས།

ཁྲིམས་ཀྱི་འདུན་ས་ལས་ ཉེས་ཅན་ཕོ་སྐྱེས་འདི་ལས་འཐོབ་མི་ འགྲུལ་འཕྲིན་གཅིག་དང་རྩིས་ཤོག་ཚུ་ ཇོ་བདག་ཚུ་ལུ་ སྤྲོད་དེ་ཡོདཔ་ཨིན་མས།

ཕོ་སྐྱེས་འདི་ཡང་ ན་ཧིང་ སྤྱི་ཟླ་༩ པའི་ནང་ ཁྲིམས་སྲུང་གིས་ དྲི་དཔྱད་འབད་བའི་སྐབས་ ཁོ་འབད་ས་ཡོད་པའི་ རྩིས་ཤོག་གི་ཨང་གྲངས་འདི་ ཉོགས་བཤད་བཀོད་མི་འབད་ས་ལས་ ཨརཝ་ཤོར་ཡོད་པའི་ རྩིས་ཤོག་གི་ཨང་གྲངས་དང་ ཅོག་འཐདཔ་ཡོདཔ་སྦེ་ བདའ་ཟུན་པའི་ཤུལ་ལས་ བཟུང་ནུག

འདི་བསྒང་ ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་འདི་ནང་ལས་ དངུལ་རྐྱང་སྟོང་ཕྲག་༨ དང་ དངུལ་ཀྲམ་༡༦༠༠ ལྷགཔ་ཅིག་གནས་པའི་ ཟ་འཐུང་གི་ཅ་ཆས་ཚུ་ ལོག་འཐོབ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ པདྨ་ཚེ་དབང་། རྩི་རང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube