མོང་སྒར་ལུ་ ཚོད་བསྲེ་ཁྲོམ་དང་བཟའ་ཁང་ དེ་ལས་ ཆང་ཁང་ཚུ་ སྒོ་ཕྱི་མ་བཅུག་པར་ཡོདཔ།

༉ མོང་སྒར་ལུ་ ཚོད་བསྲེ་བཙོང་མི་ཚུ་གིས་ ལོག་ཅི་ལོག་ཅི་རང་ཞུ་བ་འབད་བའི་ཤུལ་ ཀོ་ཝིཊ་ནའིན་ཊིན་ལས་བྱེད་ཚོགས་ཆུང་གིས་ ཚོད་བསྲེ་བཙོང་མི་༧ལུ་ ཁ་ཙ་དང་ཁ་ཉིནམ་ ཚོང་ཁང་ཚུ་ སྒོ་ཕྱི་བཅུག་སྟེ་འདུག

མོང་སྒར་ལུ་ འདས་པའི་བདུན་ཕྲག་ནང་ལས་ འགྲོ་འགྲུལ་བཀག་དམ་ཡངས་ཆག་བཏང་ནི་འགོ་བཙུགས་ཏེ་ཡོད་རུང་ ཚོད་བསྲེ་ཁྲོམ་དང་ཆང་ཁང་ དེ་ལས་ སྤྲོ་སྟོན་ཁང་དང་བཟའ་ཁང་ཚུ་ ད་ལྟོའི་བར་ན་ཡང་ སྒོ་ཕྱི་མ་བཅུག་པར་འདུག

ཚོད་བསྲེ་བཙོང་མི་ཚུ་གིས་སླབ་མི་ནང་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ སྒོགཔ་དང་སྐྱ་སྒོཔ་ཚུ་རྩིས་ཏེ་ དངུལ་ཀྲམ་འབུམ་ལས་བཅད་དེ་གནས་པའི་ ཚོད་བསྲེ་ལ་ཤ་ཅིག་རང་ བཙོང་མ་ཚུགས་པར་ རུལ་སོང་ཡི་ཟེར་ཨིན་མས།

ད་རུང་ ཁོང་གིས་བཀོད་མི་ནང་ ཁོང་ཆ་ཁྱབ་འཚོ་བ་ངོ་མ་རང་ ཚོད་བསྲེ་གི་ཚོང་འབྲེལ་ལུ་བརྟེན་ཏེ་སྐྱོང་སྡོད་མི་ཅིག་འབདཝ་ལས་ ཚོད་བསྲེ་ཚོང་ཁང་ཚུ་སྒོ་ཕྱི་མ་བཅུག་པར་ ཡུན་རིང་སུ་ཅིག་སྦེ་རང་འགྱོ་བའི་བསྒང་ལས་ ཁང་གླ་སྤྲོད་ནི་དང་བཟའ་ནི་གི་འགྲོ་སོང་ཚུ་བདའ་ཟུན་པ་ལུ་ ལཱ་ཁག་བཏང་མས་ཟེར་བཤད་ཅི།

འགྲོ་འགྲུལ་བཀག་དམ་ཡངས་ཆག་བཏང་ནི་འགོ་བཙུགས་པའི་ཤུལ་ ཁོང་ཚོང་པ་ཆ་ཁྱབ་ཀྱིས་ ཚོད་བསྲེ་ཚོང་ཁང་སྒོ་ཕྱི་ཆོག་པའི་གནང་བ་གི་དོན་ལུ་ ཞུ་བ་ལོག་ཅི་ལོག་ཅི་རང་འབད་དེ་ཡོད་རུང་ ངོས་ལེན་ཐོབ་མ་ཚུགས་ཟེར་ཨིན་མས།

ཨིན་རུང་ ད་རེས་ ཉིནམ་གཉིས་ཀྱི་རིང་ལུ་ སྒོ་ཕྱི་ཐག་ཆོག་པའི་གནང་བ་གི་དོན་ལུ་ ཞུ་བ་འབད་དགོཔ་ཐོན་མི་འདི་ཡང་ དགའ་སྐྱོ་མེད་པ་རང་ཨིན་ཟེར་བཤད་ཅི།

འདི་ལུ་ མོང་སྒར་རྫོང་ཁག་སོ་ནམ་འགོ་དཔོན་ ཀུན་བཟང་ཚེ་རིང་གིས་སླབ་མི་ནང་ ཚོད་བསྲེ་ཚོང་པ་ཚུ་ལུ་ ཉིནམ་གཉིས་ཀྱི་རིང་ ཚོང་ཁང་སྒོ་ཕྱི་བཅུག་མི་འདི་ཡང་ ཚོད་བསྲེ་ཉོ་བཞག་སྟེ་ཡོད་མི་ཚུ་ བཙོང་བཅུག་ནི་གི་དོན་ལུ་ཨིན་ཟེར་བཤད་ཅི།

ད་རུང་ ཁོ་གིས་འབད་བ་ཅིན་ རྫོང་ཁག་ལས་བྱེད་ཚོགས་ཆུང་གིས་ ཉིནམ་ནངས་པ་ལས་ཡང་ འཕྲོ་མཐུད་དེ་རང་ སྒོ་ཕྱི་བཅུག་ནི་གི་དོན་ལས་ བལྟ་བའི་བསྒང་རང་འདུག་ཟེར་ཨིན་མས།

འགྲོ་འགྲུལ་བཀག་དམ་ཐེངས་༢པའི་སྐབས་ལུ་ མོང་སྒར་ཁྲོམ་ཁ་ལུ་ ཚོད་བསྲེ་བཀྲམ་སྤེལ་འབད་མི་ ཚོད་བསྲེ་ཚོང་པ་༣ངོས་འཛིན་འབད་དེ་འདུག

འདི་ལུ་ ཚོང་པ་ཚུ་གིས་སླབ་མི་ནང་ གོ་སྐབས་འདྲ་མཉམ་སྦེ་འབྱིན་ནི་གི་དོན་ལུ་ ཚོང་པ་དེ་སྦེ་ངོས་འཛིན་མ་འབད་བའི་ཧེ་མ་ ཞལ་འཛོམས་ཚོགས་ཞིན་ན་ བསྟུན་གྲོས་འབད་དགོཔ་འདུག་ཟེར་བཤད་ཅི།

རྫོང་ཁག་སོ་ནམ་འགོ་དཔོན་གྱིས་བཀོད་མི་ནང་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ མི་སེར་སོ་ནམ་པ་ཚུ་ནང་ལས་ ཚོད་བསྲུ་ཚུ་བསྡུ་ཞིན་ན་ བཀྲམ་སྤེལ་འབད་ནི་གི་དོན་ལུ་ གཞན་མི་ཚོད་བསྲེ་ཚོང་པ་ཚུ་ལུ་ མཐུན་རྐྱེན་དང་ལྕོགས་གྲུབ་ཚུ་མ་སྡོད་ཟེར་ཨིན་མས།

ཨིན་རུང་ ག་དེ་ཅིག་སྦེ་ འགྲོ་འགྲུལ་བཀག་དམ་འདི་ ད་རུང་རང་ འབད་དགོཔ་ཐོན་པ་ཅིན་ ལས་བྱེད་ཚོགས་ཆུང་གིས་ ཚོད་བསྲེ་ཚོང་པ་ཆ་མཉམ་རང་ གྲལ་གཏོགས་འབད་བཅུག་ནི་སྦེ་འདུག

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཚེ་རིང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube