ལྷུན་རྩེ་ལུ་ སྒོ་ནོར་གྱི་ཆག་བཏོན་ནི་གི་ཐབས་ཤེས་གསརཔ།

༉ གནམ་དགུན་རྩྭ་ཚུ་སྐམ་འགྱོ་བའི་བསྒང་ལས་ ནོ་གསོ་མི་ཚུ་ ཆག་འབྱིན་ནི་དང་ཐོན་ཁུངས་ཀྱི་ཐད་ཁར་ ཚ་གྱལ་ལང་དགོཔ་ཐོན་དོ་ཡོདཔ་ཨིན།

 ཨིན་རུང་ ད་རེས་ནངས་པར་ ལྷུན་རྩེ་ སྨན་སྦིས་དང་སྨིན་རྒྱས་རྒེད་འོག་ནང་ལུ་ མི་སེར་སོ་ནམ་པ་ཚུ་གིས་ ནོ་གི་ཆག་ཚུ་ ས་མ་དགོ་པར་ཆུ་ནང་ལུ་བཙུགས་ཞིན་ བཏོན་ནི་འགོ་བཙུགས་ཏེ་ཡོད་པལས་ གནས་སྟངས་ཚུ་ བསྒྱུར་བཅོས་འགྱོ་བའི་བསྒང་འདུག

  དེང་སང་གི་ཐབས་ཤེས་ཐོག་ལས་ གནམ་དགུན་གྱི་ཆག་འདི་ཡང་ གེ་ཟ་དང་ གཞན་མི་འབྲུ་སྣ་གི་རིགས་ཚུ་བཙུགས་བཞག་སྟེ་ བཏོན་དོ་ཡོདཔ་ཨིན་མས།

 འདི་ཡང་ གེ་ཟ་ཚུ་ དང་པ་རང་ ཕེ་ཙེ་ནང་ལུ་བཙུགས་ཞིན་ན་ དུས་ཡུན་ཆུ་ཚོད་༡༢ཀྱི་རིང་ ཆུ་དྲམ་དྲོམ་ནང་ལུ་ སྦང་བཞག་དགོ་དོ་ཡོདཔ་ཨིན་མས།

 དེ་ལས་ ག་ཟ་ཚུ་ལྕུག་གུ་ཐོན་ནིའགོ་བཙུགས་པའི་སྐབས་ ཤིང་ཀྲོ་ཅིག་གི་ནང་ལུ་བརྡལ་ཞིན་ན་ སྔོ་ཚལ་ཤེལ་ཁྱིམ་ནང་ལུ་ བཞག་ནི་འདུག

 ད་རུང་ སོན་ཆུ་ནང་སྦང་བཞག་མི་འདི་ སྐམ་མ་བཅུག་པར་བཞག་ནི་གི་དོན་ལུ་ ཉིནམ་རེ་ནང་ ཆུ་ཚར་གཉིས་རེ་ བཏོར་བཞག་སྟེ་ བདུན་ཕྲག་༢མ་འགྱོཝ་ལས་རང་ ཆག་ཚུ་ ནོ་ལུ་འབྱིན་ཆོགཔ་སྦེ་འགྱོ་དོ་ཡོདཔ་སྦེ་ཨིན་མས།

 མི་སེར་ཚུ་གིས་སླབ་མི་ནང་ ཆག་ཤིང་ཀྲོ་གཅིག་ བྱཱ་གི་སོག་མ་དང་ཅིག་ཁར་ སླ་བསྲེ་སྟེ་འབྱིན་པའི་སྐབས་ལུ་ ནོ་གསུམ་ལུ་ ལང་ཚུགས་པས་ཟེར་ཨིནམ་མ་ཚད་ བ་གི་ཨོམ་ཡང་ ལེགས་ཤོམ་སྦེ་རང་ཐོན་ནི་འདུག་ཟེར་བཤད་ཅི།

  ད་རེས་ ལྷུན་རྩེ་ལུ་ སྨན་སྦིས་དང་སྨིན་རྒྱས་རྒེད་འོག་གཉིས་ཀྱི་ནང་ལུ་ ནོ་གི་ཆག་དེ་སྦེ་བཙུགས་མི་ མི་སེར་སོ་ནམ་པ་༥འདུག

 ནོ་གི་ཆག་གི་དོན་ལུ་ ཐབས་ཤེས་དེ་སྦེ་བཏོན་ནི་གི་ལས་རིམ་འདི་ཡང་ རྫོང་ཁག་སྒོ་ནོར་ལས་ཚན་གྱི་མོ་བཏབ་ལས་རིམ་ཅིག་ཨིན་མས།

 ལྷུན་རྩེ་རྫོང་ཁག་གི་ སྒོ་ནོར་འགོ་དཔོན་ལས་རོགསཔ་ ཕུརཔ་ཚེ་རིང་གིས་སླབ་མི་ནང་ ཆག་བཏོན་ནི་གི་་ལས་འགུལ་དེ་སྦེ་འགོ་བཙུགས་མི་འདི་ ངོ་མ་རང་ གནམ་དགུན་ལུ་ ཆག་མ་ལང་ལངམ་སྦེ་རང་བཏོན་ནི་དང་ ཆག་གི་སོན་ཚུ་བཏོན་ནི་གི་དོན་ལུ་ཨིན་ཟེར་བཤད་ཅི།

 ཐབས་ལམ་འདི་གི་ཐོག་ལས་ ཆག་འདི་ཚུ་ཡང་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ལུ་རང་ བཏོན་ཚུགས་དོ་ཡོདཔ་སྦེ་ཨིན་མས།

 ཆག་དེ་སྦེ་བཏོན་ཚུགས་ནི་འདི་གིས་ ད་རེས་ནངས་པར་ མི་སེར་སོ་ནམ་པ་ཚུ་གིས་ སྒོ་ནོར་ལུ་ ཆག་ཚུ་ ཧེ་མ་དང་མ་འདྲཝ་སྦེ་རང་ འབྱིན་ཚུགས་ཏེ་འདུག

 གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཚེ་རིང་།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube