འདྲ་བཤུད་དབང་ཆའི་གནད་དོན་ལས་བརྟེན་ཏེ་ རྒུད་འཐུས་དངུལ་ཀྲམ་འབུམ་༡ལས་འབུམ་༤མ་ལང་ཚུན་སྤྲོད་དགོཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ད་རིས་ འདྲ་བཤུད་དབང་ཆ་དང་འབྲེལ་བའི་གནད་དོན་ནང་ལུ་ཚུད་མི་ མི་ངོམ་ཟླ་གསུམ་ལུ་ རྒུད་འཐུས་དངུལ་ཀྲམ་འབུམ་༡ལས་འབུམ་༤མ་ལངམ་ཅིག་ ཚུན་ཚོད་བཏབ་དགོ་པའི་ བཀའ་རྒྱ་གནང་ནུག གནད་དོན་འདི་ཡང་ ཁོང་མི་ངོམ་ཅན་གསུམ་གྱིས་ ས་སྨུག་ཟེར་མི་ ལས་སྡེ་གི་གློག་བརྙན་༢ གནང་བ་མེད་པར་ ཡོངས་འབྲེལ་ནང་ལུ་བཙུགས་ཏེ་ཁྱབ་སྤེལ་བཏང་པའི་ཤུལ་ ས་སྨུག་ལས་སྡེ་གིས་ ཁྲིམས་ཀྱི་འདུན་ས་ལུ་བཀལ་ནུག

ཁོང་རྩོད་ཟླ་གསུམ་གྱི་གྲལ་ལས་ གཅིག་གིས་ ན་ཧིང་ གློག་བརྙན་གསེར་རྫམ་གང་ཟེར་མི་འདི་ ཡུ་ཊི་ཡུཔ་ནང་ལུ་ བཙུགས་ཡོདཔ་ཨིན་མས།

དེ་ལས་ གཞན་མི་གཉིས་ཀྱིས་ གློག་བརྙན་རྩ་བའི་བླ་མ་ཟེར་མི་འདི་ ཁྱབ་སྤེལ་བཏང་སྟེ་ཡོདཔ་སྦེ་ཨིན་མས།

འདས་པའི་བདུན་ཕྲག་ནང་ རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ས་སྨུག་དང་ ཁོང་རྩོད་ཟླ་གསུམ་གྱི་བར་ན་ ནང་སྒྲིག་རྐྱབ་སྟེ་ རྒུད་འཐུས་ཀྱི་སྐོར་ལས་ ཁྲིམས་ཀྱི་འདུན་ས་ལུ་ བཙུགས་དགོཔ་སྦེ་ བཀོད་ནུག

ཡུ་ཊི་ཡུཔ་ནང་ལུ་ གློག་བརྙན་ གསེར་རྫམ་གང་བཙུགས་མི་འདི་གིས་ ལས་སྡེ་འདི་ལུ་ དངུལ་ཀྲམ་ཡུདཔ་ཅིག་ ས་ཡ་ཕྱད་ད་༢མ་ལངམ་ཅིག་གི་རྒུད་འཐུས་སྤྲོད་དགོཔ་སྦེ་རྩིས་རྐྱབ་ཡོདཔ་ཨིན་རུང་ དངུལ་ཀྲམ་འབུམ་༤མ་ལངམ་ཅིག་ལུ་ ཁ་འཆམ་འབྱུང་ནུག

དེ་ལས་ གཞན་མི་རྩོད་ཟླ་གཉིས་ལུ་ དངུལ་ཀྲམ་འབུམ་༡༣གྱི་རྒུད་འཐུས་སྤྲོད་དགོཔ་སྦེ་བཀོད་ཡོདཔ་ཨིན་རུང་ ཁོང་གཉིས་ལས་ དངུལ་ཀྲམ་འབུམ་རེ་གུ་ ནང་སྒྲིག་རྐྱབ་སྟེ་ཡོདཔ་ཨིན་མས།

རྒུད་འཐུས་ཚུ་ ཧེ་མ་ འབྲུག་གི་བཟོ་གྲྭའི་དངོས་པོ་ཐོ་བཀོད་དང་འཁྲིལ་ཏེ་ རྩིས་རྐྱབ་ཡོདཔ་སྦེ་ཨིན་མས།

ད་རུང་ ཁྲིམས་ཀྱི་འདུན་ས་ལས་ རྒུད་འཐུས་ཚུ་ སྤྱི་ཟླ་༤པའི་སྤྱི་ཚེས་༣གི་ནང་འཁོད་སྤྲོད་དགོ་པའི་ བཀའ་རྒྱ་ཡང་གནང་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ རྒུད་འཐུས་ཚུ་ ཚར་གཉིས་སྦེ་ སྤྲོད་ཆོག་ནི་ཨིན་མས།

འབྲུག་གི་བཟོ་གྲྭའི་དངོས་པོ་ཐོ་བཀོད་དང་འཁྲིལ་བ་ཅིན་ འདྲ་བཤུས་དབང་ཆ་ཡོད་པའི་རིགས་ ཁྱབ་སྤེལ་བཏང་ནི་འདི་ ཁྲིམས་ལས་འགལ་བ་ཨིནམ་སྦེ་བཀོད་དེ་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube