དགོན་ཤ་རི་སློབ་གྲྭ་ཆུང་བ་ནང་ལུ་ ཕྱི་རུ་བཞག་སློབ་གྲྭ་ནང་སྡོད་ནི་གི་མཐུན་རྐྱེན་དགོཔ།

༉ སྤུ་ན་ཁ་ དགོན་ཤ་རི་སློབ་གྲྭ་ཆུང་བ་ནང་ལུ་ སློབ་ཕྲུག་ཚུ་ ཕྱི་རུ་བཞག་ སློབ་གྲྭ་ནང་ལུ་རང་བཞག་ནི་གི་མཐུན་རྐྱེན་དགོཔ་ ཁག་ཆེཝ་སྦེ་རང་ཡོདཔ་སྦེ་ཨིན་མས།

སློབ་གྲྭ་འདི་ནང་ལུ་ ད་རེས་ འདི་བཟུམ་གྱི་མཐུན་རྐྱེན་མེད་ནི་འདི་གིས་ ཕམ་མང་ཤོས་ཅིག་རང་ ཨ་ལུའི་ཤེས་ཡོན་གྱི་དོན་ལུ་ སློབ་གྲྭ་གི་ཁ་རི་འཁོར་ཆ་ལུ་ སྦ་སྒོར་ཚུ་རྐྱབ་སྟེ་སྡོད་དགོཔ་ཐོན་ཏེ་འདུག

ཕམ་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ དེ་སྦེ་སྡོད་མི་འདི་ཡང་ གཡུས་འདི་ སློབ་གྲྭ་ནང་ལས་ ལམ་ཐག་རིང་པ་གི་མ་དོ་བར་ ཚལ་མ་ནང་ལས་ ལམ་འགྱོ་དགོ་ནི་འདི་གིས་ ཨ་ལུ་ཚུ་གི་ཉེན་སྲུང་གི་དོན་ལུ་ སློབ་གྲྭའི་ཉེ་འདབས་ལུ་རང་སྡོད་དོ་ཟེར་བཤད་ཅི།

ཨིན་རུང་ གཡུས་ཁ་ལས་ ཐག་རིང་སར་སྡོད་པའི་བསྒང་ལས་ འཕྲལ་འཕྲལ་རང་ འགྱོ་དགོ་ནི་འདི་གིས་ སྟབས་མ་བདེཝ་འདི་ སྦོམ་སྦེ་རང་ཡོད་ཟེར་ཨིན་མས།

གནད་དོན་འདི་ ཕྲལ་ཁམས་ཅིག་ཁར་ སྤུ་ན་ཁ་རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ཡང་ གྲོས་བསྡུར་ཚུ་འབྱུང་ནུག

དགོན་ཤ་རི་རྒཔོ་ ཡེ་ཤེས་རྡོ་རྗེ་གིས་སླབ་མི་ནང་ དགོན་ཤ་རི་སློབ་གྲྭ་ཆུང་བ་ནང་ལུ་ ཨ་ལུ་ཚུ་ཞག་སློབ་གྲྭ་ནང་ལུ་རང་ཉལ་ནི་གི་མཐུན་རྐྱེན་ཡོད་པ་ཅིན་ ཨ་ལུ་གི་གྱངས་ཁ་འདི་ ལངམ་སྦེ་རང་ཐོན་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ དགོན་ཤ་རི་སློབ་གྲྭ་ཆུང་བའི་དབུ་འཛིན་ བསོད་ནམས་དཔལ་འབྱོར་གྱིས་འབད་རུང་ འདི་བཟུམ་གྱི་མཐུན་རྐྱེན་ཡོད་པ་ཅིན་ དཔེ་ཆ་གི་ཐད་ཁར་ ཨ་ལུ་ཚུ་ལུ་ ལེགས་ཤོམ་སྦེ་རང་ རྒྱབ་སྐྱོར་འབད་ཚུགས་ནི་མས་ཟེར་བཤད་ཅི།

ཨིན་རུང་ སྤུ་ན་ཁ་རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ གླེང་མོ་གིས་སླབ་མི་ནང་ སློབ་གྲྭ་འདི་ གྱེན་གཟར་དྲག་གུ་ལུ་ཆགས་ཏེ་ཡོདཔ་ལས་ ཉེན་སྲུང་དང་ལྡན་པའི་ས་སྒོ་ཅིག་མེདཔ་སྦེ་ཨིན་མས།

འདི་འབདཝ་ལས་ སློབ་གྲྭ་རྒྱ་སྐྱེད་བཏང་ནི་དང་ སློབ་གྲྭ་འདི་ནང་ལུ་ མཐུན་རྐྱེན་གཞན་བཙུགས་ནི་འདི་ཡང་ ལཱ་ཁག་ཡོད་ཟེར་བཤད་ཅི།

ཨིན་རུང་ རྫོང་ཁག་ཚོགས་འདུ་གིས་ ཤེས་རིག་ལྷན་ཁག་ལུ་ སློབ་གྲྭ་འདི་ནང་ལུ་ ཨ་ལུ་ཚུ་ཕྱི་རུ་བཞག་སློབ་གྲྭ་ནང་ལུ་རང་ བཞག་ནི་གི་དོན་ལུ་ གནས་སྐབས་ཀྱི་སྡོད་ཁྱིམ་ཅིག་རྐྱབ་གནང་དགོ་པའི་གྲོས་འཆར་ཕུལ་ནི་སྦེ་ མཐའ་བཏོག་ནུག

འདི་བཟུམ་སྦེ་ སྤུ་ན་ཁ་ དགོན་ཤ་རི་སློབ་གྲྭ་ཆུང་བ་ནང་ལུ་ སློབ་དཔོན་ཚུ་ལུ་ཡང་ སྡོད་ཁྱིམ་ཐོབ་མ་ཚུགས་པའི་དཀའ་ངལ་ཐོན་ཏེ་འདུག

སློབ་གྲྭ་འདི་ནང་ལུ་ སློབ་དཔོན་༧ཡོད་ས་ལས་ སློབ་དཔོན་གསརཔ་གཅིག་འདི་ སློབ་གྲྭའི་གནས་སྐབས་ཀྱི་མཛོད་ཁང་ནང་ལུ་སྡོད་དགོཔ་ཐོན་ཏེ་ཡོདཔ་མ་ཚད་ གཞན་མི་གཅིགཔོ་འདི་ རྒེད་འོག་གི་གཞི་རྟེན་སྨན་ཁང་ནང་ལུ་ སྡོད་དགོཔ་ཐོན་ཏེ་ཡོདཔ་སྦེ་ཨིན་མས།

སྤུ་ན་ཁ་རྫོང་ཁག་གི་ རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ གླེང་མོ་གིས་སླབ་མི་ནང་ སློབ་གྲྭ་འདི་ནང་གི་སྟབས་མ་བདེཝ་ཚུ་སེལ་ནི་གི་དོན་ལུ་ ཐབས་ལམ་ཟེར་རུང་ སློབ་གྲྭ་འདི་ ས་སྒོ་གཞན་ཅིག་ཁར་སྤོ་ནི་འདི་རང་ཨིན་ཟེར་བཤད་ཅི།

འདི་འབདཝ་ལས་ སློབ་གྲྭ་འདི་ ས་སྒོ་གཞན་ཅིག་ཁར་མ་སྤོ་ཚུན་ཚོད་ དགོན་ཤ་རི་སློབ་གྲྭ་ཆུང་བའི་སློབ་དཔོན་དང་སློབ་ཕྲུག་ཚུ་ལུ་ སྟབས་མ་བདེཝ་འདི་ ཐོནམ་ཐོན་ས་རང་ སྡོད་ནི་ཨིན་མས།

དགོན་ཤ་རི་སློབ་གྲྭ་ཆུང་བ་འདི་ནང་ལུ་ ད་རེས་ བློ་གསར་སློབ་རིམ་ལས་ སློབ་རིམ་༦པ་ཚུན་ཚོད་ སློབ་ཕྲུག་༥༠ལྷགཔ་ཡོད་ས་ལས་ སློབ་ཕྲུག་༤༠ལྷགཔ་ཅིག་ སློབ་གྲྭ་གི་སྦོ་ལོགས་ཁ་ལས་ཕར་ སྡོད་དོ་ཡོདཔ་ཨིན་མས།

སློབ་གྲྭ་འདི་ཡང་ སྤྱི་ལོ་༡༩༩༡ལུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube