གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༨

མི་དབང་རྒྱལ་པོའི་སྲསམོ་ གཡུ་འཕེལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དྲག་ཤོས་འཕྲིན་ལས་ནོར་བུ་དང་གཅིག་ཁར་ གཉེན་སྦྱོར་མཛད་གནང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༢༠

༉ མི་དབང་རྒྱལ་པོའི་སྲསམོ་ གཡུ་འཕེལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་གི་ གཉེན་གྱི་རྟེན་འབྲེལ་འདི་ གཟའ་པ་སངས་ཀྱི་ཚེས་  བརྩི་སྲུང་མཛད་གནང་ཡི།

གཉེན་སྦྱོར་འདི་ཡང་ མི་དབང་རྒྱལ་བཙུན་མཆོག་གི་སྐུ་མཆེད་ དྲག་ཤོས་འཕྲིན་ལས་ནོར་བུ་དང་གཅིག་ཁར་ མཛད་གནང་སྟེ་ཡོདཔ་ཨིན།

གཉེན་གྱི་རྟེན་འབྲེལ་འདི་ཡང་ ཐིམ་ཕུག་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་སྦེ་ བརྩི་སྲུང་མཛད་གནང་ཡི།

རྟེན་འབྲེལ་བརྩི་སྲུང་ཞུ་ས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དེ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་ནུག

མི་དབང་རྒྱལ་པོའི་སྲསམོ་ གཡུ་འཕེལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་ སྤྱི་ལོ་ ༡༩༩༣ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་མཆོག་གི་སྲསམོ་ལུ་ སྐུ་འཁྲུངས་ནུག

མི་དབང་རྒྱལ་པོའི་སྲསམོ་མཆོག་གིས་ སྐུ་ཡོན་འདི་ ཡུ་ཨེསི་ཨེ་ལུ་ཡོད་པའི་ ཇོརཆ་ཊའོན་གཙུག་ལག་སློབ་སྡེ་ནང་ལས་ སོ་ཤི་འོ་ལོ་ཇི་ཟེར་ མི་སྡེ་རིག་པའི་ཆོས་ཚན་ནང་བཞེས་ཞིན་ན་ སྤྱི་ལོ་ ༢༠༡༦ ལུ་ མཐར་འཁྱོལ་མཛད་གནང་ནུག

མི་དབང་རྒྱལ་པོའི་སྲསམོ་མཆོག་ འབྲུག་པེ་ར་ལིམ་པིགསི་ཚོགས་པའི་གཙོ་འཛིན་ཡང་ཨིན་མི་དང་བསྟུན་ སྲསམོ་མཆོག་གིས་ དབང་པོ་ལུ་ཐོ་ཕོག་སྟེ་ཡོད་མི་ འབྲུག་པའི་ལུས་རྩལཔ་ཚུ་ རྒྱལ་སྤྱི་གི་རྩེད་རིགས་མ་འདྲཝ་ཚུ་ནང་ལས་ཕར་ བཅའ་མར་གཏོགས་བཅུག་ནི་གི་དོན་ལུ་ བརྩོན་ཤུགས་ཚུ་མཛད་གནང་དོ་ཡོདཔ་ཨིན།

དྲག་ཤོས་འཕྲིན་ལས་ནོར་བུ་འདི་ ཡབ་དོན་གྲུབ་རྒྱལ་མཚན་དང་ ཡུམ་བསོད་ནམས་ཆོས་སྐྱིད་ཀྱི་སྲས་ལུ་ སྤྱི་ལོ་ ༡༩༩༢ ལུ་ སྐུ་འཁྲུངས་ཡོདཔ་ཨིན་མས།

དྲག་ཤོས་འཕྲིན་ལས་ཀྱིས་ ཌེ་ལི་གཙུག་ལག་སློབ་སྡེའི་འོག་ལུ་ཡོད་པའི་ སེནཊི་ཨིསི་ཊེ་ཕེན་གི་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་བའི་ཤུལ་མ་ གནམ་གྲུའི་དེད་དཔོན་གྱི་སྦྱོང་བརྡར་གནང་མི་དང་འབྲེལ་ སྤྱི་ལོ་ ༢༠༡༩ ལས་ཚུར་ འབྲུག་མཁའ་གྲུལ་གྱི་གནམ་གྲུ་ཚུ་ འཕུར་འགྲུལ་གནང་སྟེ་རང་ཡོདཔ་ཨིན།

མི་དབང་རྒྱལ་པོའི་སྲསམོ་དང་ དྲག་ཤོས་འཕྲིན་ལས་ ༢ པ་ཆ་རང་ བདེ་སྲུངཔ་སྦེ་ཡང་ ཕྱག་ཞུ་དོ་ཡོདཔ་ཨིན།