གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

ཞིང་ཆུའི་གཡུར་བ་བསུབ་སྟེ་ཡོད་པའི་སྙན་ཞུ་ བདེན་པ་མེདཔ།

སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༢༠

༉ གཞུང་གིས་བཀོད་མི་ནང་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་བརྡ་བརྒྱུད་ཚུ་ནང་ལས་ཕར་ འབྲུག་རྒྱལ་ཁབ་ཀྱིས་ རྒྱ་གར་གྱི་ཨཱ་སཱམ་མངའ་སྡེ་ནང་བཀྲམ་སྤེལ་འབད་མི་ ཞིང་ཆུའི་གཡུར་བ་ཚུ་ བསུབ་སྟེ་ཡོདཔ་སྦེ་སྙན་ཞུ་འབད་མི་འདི་ མི་བདེན་ཟེར་ཨིན་མས།

ད་རིས་ གནས་ཚུལ་འདི་ལུ་ བདེན་པ་མེདཔ་སྦེ་ གནས་ཚུལ་གསར་བཏོན་གཅིག་བཏང་མི་དང་བསྟུན་ ཕྱི་འབྲེལ་ལྷན་ཁག་གིས་འབད་བ་ཅིན་ གནས་ཚུལ་འདི་ཡང་ སྒེར་གྱི་ཁེ་ཕན་ལུ་དམིགས་བཞིན་ན་ བརྡ་དོན་རྫུས་མ་ཚུ་དར་ཁྱབ་བཏང་སྟེ་ འབྲུག་པའི་མི་སེར་དང་ ཨཱ་སཱམ་གྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་མི་འདི་ སྟབས་མ་བདེཝ་བཟོ་ནི་གི་རྩིས་རྐྱབ་ནུག་ཟེར་ཨིན་མས།

ད་རུང་ ལྷན་ཁག་འདི་གིས་བཀོད་མི་ནང་ དུས་ཚོད་འ་ནེམ་ཅིག་ཁར་ ཆུ་བཅད་ནི་གི་དོན་དག་རང་མེད་ཟེར་ཨིན་མས།

གཟའ་པ་སངས་ཀྱི་ཚེས་ རྒྱ་གར་གྱི་བརྡ་བརྒྱུད་ཚུ་ནང་ འབྲུག་རྒྱལ་ཁབ་ཀྱིས་ བསམ་གྲུབ་ལྗོངས་མཁར་དང་ མཐུད་འབྲེལ་འབད་དེ་ཡོད་པའི་ ཨཱ་སཱམ་མངའ་སྡེ་འོག་གི་ བཱག་ས་དང་ཨུ་དཱལ་གུ་རི་རྫོང་སྡེའི་ སོ་ནམ་པ་ཚུ་གི་ཞིང་ཆུ་འདི་ བཅད་དེ་ཡོདཔ་སྦེ་སྙན་ཞུ་འབད་དེ་འདུག

གནད་དོན་འདི་ལས་བརྟེན་ གཡུས་ཚན་ ༢༥ གི་མི་སེར་སོ་ནམ་པ་ཚུ་ལུ་ ཐོ་ཕོག་སྟེ་ཡོདཔ་སྦེ་ཨིན་མས།

འདི་ལུ་ ཕྱི་འབྲེལ་ལྷན་ཁག་གིས་བཀོད་མི་ནང་ དེ་སྦེ་ཁ་ཉེས་བཀལ་མི་འདི་ སེམས་ཕམ་སི་སི་ཅིག་ཨིན་མས་ཟེར་ཨིནམ་ད་ འདི་ཡང་ ཨཱ་སཱམ་གྱི་སོ་ནམ་པ་ཚུ་ལུ་ འབྲུག་གི་ཧོངས་ལས་ གནམ་བྱཱར་གྱི་དུས་ཚོད་ཁར་ ཆར་ཆུ་ལས་བརྟེན་ ཞིང་ཆུ་བཀྲམ་སྤེལ་ལུ་ ཐོ་ཕོག་མ་བཅུག་པར་བཞག་ནི་གི་དོན་ལས་ ལཱ་ཚུ་ རྩ འགེངས་ཏེ་རང་འབད་དོ་ཟེར་ཨིན་མས།

འདི་བཟུམ་སྦེ་ ད་རེས་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ འབྲེལ་ཡོད་ལས་སྡེ་དང་ ས་གནས་ཀྱི་ཁས་བླངས་པ་ཚུ་གིས་ རྒྱ་གར་གྱི་སོ་ནམ་པ་ཚུ་ལུ་ ཞིང་ཆུ་བཀྲམ་སྤེལ་འདི་ རྒྱུན་མ་ཆད་པར་རང་འབད་ནི་གི་དོན་ལས་ གཡུར་བ་ཉམས་བཅོས་ཀྱི་ལཱ་ཚུ་ འབད་བའི་བསྒང་རང་ཡོདཔ་ཨིན་མས།

རྫོང་ཁག་འདི་ནང་ འདི་བཟུམ་གྱི་གཡུར་བ་ ༡༥ ཡོད་མི་དང་བསྟུན་ འདས་པའི་ཟླཝ་ ༣ གྱི་རིང་ ཉམས་བཅོས་ཀྱི་ལཱ་ཚུ་ འགོ་འདྲེན་འཐབ་སྟེ་རང་ཡོདཔ་སྦེ་ཨིན་མས།

ད་རུང་ ཕྱི་འབྲེལ་ལྷན་ཁག་དང་འཁྲིལ་པ་ཅིན་ ཞིང་ཆུ་བཀྲམ་སྤེལ་གྱི་ཐད་ཁར་ དཀའ་ངལ་རེ་འཐོན་པ་ཅིན་ ཆུ་གཡུར་སེལ་ནི་གི་དོན་ལུ་ འབྲུག་པའི་དབང་འཛིན་ཚུ་ འཕྲུལ་ཆས་སྦོམ་ཚུ་དང་གཅིག་ཁར་ གྲ་སྒྲིག་འབད་དེ་རང་ཡོད་ཟེར་ཨིན་མས།

རྒྱ་གར་གཞུང་གིས་རང་འབད་རུང་ ཨཱ་སཱམ་གྱི་ཞིང་ཆུའི་གཡུར་བ་འདི་ རྒྱལ་ཁབ་ ༢ ཀྱི་བར་ན་ སྟབས་མ་བདེཝ་ཚུ་ལས་བརྟེན་ཏེ་མེན་པར་ རང་བཞིན་གྱིས་སྦེ་རང་ བསུབ་སྟེ་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་གྱི་དབང་འཛིན་ཚུ་གིས་ཡང་ འདི་བཟུམ་གྱི་གནས་སྟངས་ནང་ ཁོང་རའི་ཁྱིམ་ཚང་གཅིག་ཨིན་མི་ བཱག་ས་དང་ཨུ་དཱལ་གུ་རི་གི་སོ་ནམ་པ་ཚུ་ལུ་ གདོང་ལེན་འབྱུང་དོ་ཡོདཔ་ཨིན་རུང་ ཁོང་གི་ཁ་ཐུག་ལས་ གནས་སྟངས་འདི་ ཧ་གོ་ནི་ཡོད་ཟེར་ཨིན་མས།