གཟའ་ལྷག་པ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༢༨

ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ སོ་ནམ་གྱི་ལས་སྣ་ཚུ་ ཡར་སེང་འགྱོ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༢༠

༉ ད་རེས་ནངས་པ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ སོ་ནམ་གྱི་ལས་སྣ་ཚུ་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན།

འདི་གི་ནང་ལས་ཡང་ སྤུ་ན་རྫོང་ཁག་ དགོན་ཤ་རི་ལུ་ཡོད་པའི་ ཨོད་བར་གངས་རི་ ལྡུམ་ར་རིག་པའི་གོང་འཕེལ་ལས་འགུལ་འདི་ ན་གཞོན་ཚུ་གི་ནང་འཁོད་ ཡོངས་གྲགས་འཐོན་ཏེ་སྦེ་འདུག

འདི་ཡང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ འདི་བཟུམ་གྱི་ ལས་འགུལ་ལས་བརྟེན་ཏེ་ སོ་ནམ་ལས་རིམ་གྱི་ནང་ལུ་ ལྷབ་སྦྱང་གི་གནས་ཚད་ རྒྱ་སྐྱེད་བཏང་སའི་ས་གོ་ཅིག་ཨིན་པའི་ཁར་ རིག་རྩལ་གོང་འཕེལ་བཏང་ནི་གི་ གོ་སྐབས་ཅིག་ཨིན་པས་ཟེར་བཤད་ཅི།

ལས་འགུལ་འདི་ཡང་ ས་ཆ་ཨེ་ཀར་༢་ཀྱི་ནང་ལུ་ འབད་དོ་ཡོདཔ་ད་ འདི་ནང་ ན་གཞོན་༡༨་ཀྱིས་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ཡང་ མང་ཤོས་ཅིག་རང་ སློབ་གྲྭ་ནང་ལས་འཐོན་སྡོད་མི་ཚུ་ཨིན་མས།

ད་རེས་ ལས་འགུལ་འདི་ནང་ལུ་ལཱ་འབད་དེ་ ད་རེས་འབདཝ་ད་ ལོ་ལྷགཔ་ཅིག་སོང་སྟེ་སྦེ་འདུག

ལས་འགུལ་འདི་ནང་ལཱ་འབད་མི་ན་གཞོན་ཚུ་ལུ་ ལས་གཡོག་ལྷན་ཁག་གིས་ ཟླ་རིམ་བཞིན་དུ་རང་ དངུལ་ཀྲམ་སྟོང་ཕྲག་༡༠་བྱིན་དོ་ཡོདཔ་མ་ཚད་ ལས་འགུལ་གྱི་ཇོ་བདག་འདི་གིས་ དངུལ་ཀྲམ་སྟོང་ཕྲག་༣་དེ་རེ་ བྱིན་དོ་ཡོདཔ་ཨིན་མས།

ད་རེས་བཟུམ་ཅིག་འབད་བ་ཅིན་ ལས་འགུལ་འདི་ རང་འབྱུང་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ཅིག་གིས་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན་མས།

ད་རུང་ མོ་གིས་སླབ་མི་ནང་ ད་རེས་ ནད་ཡམས་འཐོན་པའི་ དུས་ཚོད་བཟུམ་ཅིག་ནང་ ལས་འགུལ་འདི་ལས་བརྟེན་ཏེ་ ན་གཞོན་ཚུ་ འབྲེལ་གཏོགས་འབད་དེ་བཞག་ནི་དང་ ཚོད་བསྲེ་གི་ཐོན་སྐྱེད་ མ་ལང་ལངམ་སྦེ་བཏོན་ནི་གི་ ཐབས་ལམ་དྲག་ཤོས་ཅིག་ཨིན་ཟེར་བཤད་ཅི།

ད་ལས་ཕར་ ལས་འགུལ་འདི་གིས་ ཤིང་འབྲས་ཚུ་ལས་ ཆང་དང་ མངར་ཆུ་ཚུ་བཟོ་ནི་གི་དོན་ལས་ བཟོ་སྦྱོར་ཁང་ཅིག་ གཞི་བཙུགས་འབད་ནི་གི་འཆར་གཞི་འདུག

འདི་དང་གཅིག་ཁར་ ལས་འགུལ་འདི་ལུ་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ སྔོ་ཚལ་ཤེལ་ཁྱིམ་དང་ གསོན་རིགས་ཚུ་བྱིན་ཏེ་ རྒྱབ་སྐྱོར་འབདཝ་ཨིན་མས།

ལས་འགུལ་འདི་ཡང་ རྫོང་ཡོད་ས་ལས་ ཀི་ལོ་མི་ཀྲར་༣༠་དེ་ཅིག་གི་ས་ཁར་ཆགས་ཏེ་སྦེ་འདུག

བཅོ་ལྔ་རྡོ་རྗེ། གནས་ཚུལ་བསྡུ་ལེན་པ། སྤུ་ན་ཁ།