གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

ལྷོབ་མི་སྡེ་ཚུ་གིས་ ཁོང་རའི་ངོ་རྟགས་ཚུ་ ཉམས་འགྱོ་བའི་ཚ་གྱང་།

སྤྱི་ཟླ་༡༡ པའི་ཚེས་ ༡༨ ༢༠༡༩

༉ བསམ་རྩེ་རྫོང་ཁག་ ངག་དབང་འགྲམ་སྟོད་ཀྱི་ ལྷོབ་མི་སྡེ་ཚུ་གིས་ ཁོང་རའི་ངོ་རྟགས་ཚུ་ ཉམས་འགྱོ་བའི་ཚ་གྱང་ ལང་དོ་ཡོདཔ་ཨིན་མས།

ལྷོབ་ཀྱི་མི་རིགས་འདི་ རྒྱལ་ཁབ་ཀྱི་མི་སྡེ་རྙིང་ཤོས་ཅིག་སྦེ་ རྩིས་དོ་ཡོདཔ་ད་ ད་རེས་ ཁོང་ཆ་ཁྱབ་ རྡོ་རོ་ཁ་དྲུང་ཁག་དང་ རྟ་ལྡིང་རྒེད་འོག་གི་ གཡུས་ཚན་ཁག་སོ་སོའི་ནང་ལས་ཕར་ཡོདཔ་ཨིན།

ཁོང་ཆ་ཁྱབ་ཀྱིས་ ལམ་སྲོལ་གྱི་ཁྱད་ཆོས་མ་འདྲཝ་ཅིག་འདི་ ཁོང་རའི་གྱོན་ཆས་དང་ ཁ་སྐད་མ་འདྲཝ་སྦེ་ སླབ་སྲོལ་ཡོད་མི་འདི་ལུ་ རྩིས་དོ་ཡོདཔ་ལས་ གྱོན་ཆས་འདི་ཚུ་ དམིགས་གསལ་གྱིས་ར་ མགྱོནམ་ཚུ་བྱོན་པའི་སྐབས་དང་ མི་གྱོང་པའི་ཤུལ་ལུ་ དགེ་རྩ་ཚུ་འབད་བའི་སྐབས་ གྱོན་དོ་ཡོདཔ་སྦེ་བཤད་ཅི།

ཨིན་རུང་ ད་རེས་ མི་ཚུ་གིས་མནོ་བསམ་བཏང་ཐང་ཚུ་ འགྱུར་བ་འགྱོ་དོ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ ཁོང་རའི་རང་ལུགས་ཀྱི་གྱོན་ཆས་ཚུ་གྱོན་མ་བཏུབ་ནི་འདི་གིས་ དུས་དང་ཕུག་ལས་ཡོད་པའི་ ལམ་སྲོལ་ཚུ་ གྲོས་ཀྱིས་སྦེ་ ཉམས་དོ་ཡོདཔ་སྦེ་ཨིན་མས།

འདི་ཡང་ སྟབས་བདེ་མི་ལུ་བལྟ་སྟེ་ ལྷཔོ་མང་ཤོས་ཅིག་གིས་ར་ ཁོང་རའི་གོ་ལ་ ཁ་ཤ་པ་ཀི་ཟེར་མི་ཚུ་ མ་གྱོན་པར་ དོརམ་དང་ཁེན་ཇ་ དེ་ལས་ གོ་ཚུ་གྱོན་ནི་ནང་ གདམ་ཁ་རྐྱབ་ནི་འདི་གིས་ཨིན་མས།

འདི་འབདཝ་ལས་ ངག་དབང་རམ་སྟོད་ཀྱི་ལྷོབ་ཚུ་གིས་སླབ་མི་ནང་ ནམ་ཅིག་གི་ཚེ་ ཁོང་གི་གཞན་དང་མ་འདྲ་བའི་ལམ་སྲོལ་འདི་ ཉམས་འགྱོ་རང་འགྱོ་ནི་མས་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཁོང་ཆ་ཁྱབ་ཀྱིས་ ལྷོབ་ཀྱི་ཁ་སྐད་སླབ་མི་ མར་ཕབ་འགྱོ་སྟེ་ཡོདཔ་ལས་ ཁ་སྐད་འདི་ ཉམས་འགྱོ་བའི་ ཚ་གྱང་ལང་དོ་ཡོདཔ་སྦེ་བཤད་ཅི།

གཡུས་ཁའི་རྒས་ཤོས་ལ་ལུ་ཅིག་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ ཁོང་རའི་ལམ་སྲོལ་འདི་ལུ་ དག་སྣང་སྦོམ་སྦེ་བསྐྱེད་མི་ཅིག་འབདཝ་ལས་ལམ་སྲོལ་འདི་ཚུ་ ཉམས་སྲུང་འབད་ནི་གི་ཐབས་ལུ་ ཁ་ཤ་པ་ཀི་གྱོན་ནི་འདི་ ཁོང་རའི་ལམ་སྲོལ་ཅིག་ཨིན་ཟེར་སླབ་ནི་དང་ དང་ཕུ་གི་སྲུང་ཚུ་ བཏང་ནི་ལས་བརྒལ་ གཞན་འབད་ཐབས་ཅིག་ག་ནི་ཡང་ མེདཔ་སྦེ་ཨིན་མས།

འདི་བའདཝ་ལས་ ད་རེས་ཀྱི་གནས་སྟངས་འདི་ལུ་བལྟ་སྟེ་སྦེ་ ལམ་སྲོལ་འདི་ ད་ལས་ཕར་རང་འབད་རུང་ ཉམས་མ་འགྱོ་བ་རང་སྡོད་དོ་འོང་མེན་ན་ཟེར་ མནོ་དོ་ཡོདཔ་སྦེ་ཨིན་མས།