གཟའ་པ་སངས། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༡

མོང་སྒར་རྫོང་ཁག་ཚོགས་འདུ་གིས་ པདྨ་ཆོས་གླིང་ལུ་ ནང་འཁོད་གནམ་གྲུ་ཐང་ཅིག་ རྐྱབ་དགོ་པའི་འགྲོས་འཆར།

སྤྱི་ཟླ་༡༡ པའི་ཚེས་ ༤ ༢༠༡༩

༉ འཕྲལ་ཁམས་གཅིག་ཁར་ མོང་སྒར་རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ ད་རུང་ར་ ཤར་ཕྱོགས་ལུང་ཕྱོགས་ནང་ལུ་ བལྟ་བཤལ་ཡར་དྲག་བཏང་ནི་གི་དོན་ལུ་ མོང་སྒར་རྒེད་འོག་ནང་ཡོད་པའི་ ས་གནས་པདྨ་ཆོས་གླིང་ལུ་ ནང་འཁོད་གནམ་གྲུ་ཐང་གཅིག་དགོ་པའི་སྐོར་ལས་ གྲོས་འཆར་ཕུལ་ནུག

གནད་དོན་འདི་གི་སྐོར་ལས་ ཧེ་མའི་ཚོགས་འདུ་ཚུ་ནང་ཡང་ གྲོས་བསྡུར་ཚུ་འབད་བའི་ཤུལ་ལུ་ གྲོས་ཆོད་འདི་ཡང་ སྤྱི་ཚོགས་ནང་ལུ་ཕུལ་ཏེ་ཡོདཔ་ཨིན་རུང་ ད་ལྟོ་ ལན་གསལ་ཚུ་མ་ཐོབ་པར་འདུག

ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ཞུ་མི་ནང་ ཡོན་ཕུག་ལ་གི་ནང་འཁོད་གནམ་གྲུ་ཐང་འདི་ གནམ་བྱཱར་གྱི་སྐབས་ལུ་ བློ་གཏད་ཚུགསཔ་ཅིག་མེདཔ་ལས་ མོང་སྒར་ལུ་ ནང་འཁོད་གནམ་གྲུ་ཐང་གཅིག་བཟོ་དགོཔ་འདི་ དུས་ཚོད་རན་རང་རན་ཆི་ཡི་ཟེར་ཨིན་མས།

འདི་བཟུམ་སྦེ་ མོང་སྒར་རྫོང་ཁག་ ཝེ་རིང་ལ་དྲུང་པ་ བཀྲིས་བསྟན་འཛིན་གྱིས་ཡང་ ག་དེ་ཅིག་སྦེ་ ནང་འཁོད་གནམ་གྲུ་ཐང་བཟོ་ནི་འདི་ ད་རེས་ གྲོས་འཆར་བཀོད་མི་གི་ས་ཁོངས་ནང་ལུ་ འོས་འབབ་མེདཔ་སྦེ་འཐོན་པ་ཅིན་ དགོངས་འདུས་རྒེད་འོག་ནང་ཡོད་པའི་ ས་གནས་ཡངས་སྦ་རི་ལུ་སྤོ་བ་ཅིན་ཟེར་བའི་ བསམ་འཆར་ཞུ་ཡི།

འདི་ཡང་ དྲུང་པ་གིས་བཀོད་མི་ནང་ ཡངས་སྦ་རི་འདི་ རྒྱ་འབྲུག་༢་ཀྱི་ས་མཚམས་ཁ་ལས་ ཆུ་ཚོད་ཕྱེད་དེ་ཅིག་གི་ས་ཁ་ཆགས་ཏེ་ཡོདཔ་ལས་ གྲོས་འཆར་གྱི་ཐབས་ལམ་སོ་སོ་ཅིག་སྦེ་ གྲོས་འཆར་ཕུལཝ་ཨིན་ཟེར་ ཞུ་ཡོདཔ་ཨིན་མས།

 ཨིན་རུང་ ས་གནས་འདི་ཁའི་མི་སེར་ རེམ་གཉིསམ་གིས་འབད་བ་ཅིན་ གནད་དོན་འདི་གི་ཐོག་ལུ་ གྲོས་བསྡུར་འབད་དེ་ ལོ་ལེ་ཤ་འགྱོ་ཡོདཔ་ལས་ ཡིད་ཆེས་འདྲོངས་མ་ཚུགས་པར་འདུག

འདི་དང་གཅིག་ཁར་ མོང་སྒར་འདེམས་ཁོངས་ནང་ལས་ ནང་སྲིད་དང་སྲོལ་འཛིན་བློན་པོ་ དྲག་ཤོས་ཤེས་རབ་རྒྱལ་མཚན་གྱིས་ཡང་ བཙག་འཐུའི་སྐུལ་བསྒྲགས་ཀྱི་སྐབས་ མོང་སྒར་རྒེད་འོག་ནང་ལུ་ ནང་འཁོད་གནམ་གྲུ་ཐང་གཅིག་བཟོ་ནི་སྦེ་ ཁས་བླངས་འབད་དེ་ཡོདཔ་ཨིན་མས།

གནད་དོན་འདི་སྐོར་ལས་ དྲག་ཤོས་ཤེས་རབ་རྒྱལ་མཚན་གྱིས་ བརྒྱུད་འཕྲིན་གྱི་ཐོག་ལས་གསུངས་མི་ནང་ ད་རེས་ གཞུང་གི་ཁ་ཐུག་ལས་ འདས་པའི་གཞུང་གིས་ ལས་འགུལ་གྱི་བརྟག་ཞིབ་དང་ འོས་འབབ་ཚུ་གི་ཐོག་ལུ་ ཞིབ་འཇུག་ཚུ་འགོ་འདྲེན་འཐབ་སྟེ་ཡོད་མི་ཚུ་ བལྟ་བའི་བསྒང་རང་ཡོདཔ་ལས་ ལས་འགུལ་འདི་ འགོ་བཙུགས་པ་ལུ་ དུས་ཚོད་ཨ་ཙི་འགོར་འོང་ཟེར་ གསུང་གནང་ཡི།

རྫོང་ཁག་ཚོགས་འདུ་ཚོགས་ས་ལུ་ གནད་དོན་འདི་གི་ཐོག་ལུ་ རྒྱས་ཤིང་རྒྱསཔ་སྦེ་རང་གནང་པའི་ཤུལ་མ་ ཚོགས་ཁང་གིས་ འབྲེལ་ཡོད་ལྷན་ཁག་དང་སྤྱི་ཚོགས་ལུ་ ཞུ་ཡིག་ཕུལ་ནི་སྦེ་ གྲོས་ཐག་བཅད་ནུག