གཟའ་པ་སངས། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༡

མོང་སྒར་ཁྲོམ་ཁ་ལུ་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་སེལ་ནི་གི་ཐབས་ལུ་ ཁྱིམ་རྐྱབ་ནི་གི་ས་གོ་དགོཔ།

སྤྱི་ཟླ་༡༡ པའི་ཚེས་ ༤ ༢༠༡༩

༉ མོང་སྒར་ཁྲོམ་ཁ་ལུ་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་འདི་ ཚབས་ཆེན་ཆིག་སྦེ་ འཐོན་མི་གི་གནད་དོན་འདི་ སེལ་ཐབས་སྒྲིག་ནི་གི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ ཁྲོམ་འདི་ནང་ སྡོད་ཁྱིམ་རྐྱབ་ནི་གི་ས་ཁོངས་གཅིག་དགོཔ་སྦེ་ཞུ་ནུག

ད་རུང་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ཞུ་མི་ནང་ མོང་སྒར་ཁྲོམ་ཁ་ལུ་ ལོ་བསྟར་བཞིན་དུ་རང་ མི་རློབས་ཡར་སེང་འགྱོ་མི་བསྟུན་  ཁྲོམ་གྱི་གནས་སྟངས་འདི་ཡང་ མགྱོགས་སུ་ཅིག་སྦེ་རང་ ཡར་སེང་འགྱོ་ནི་འདི་གིས་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ཚུ་ འཐོན་དོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ དཀའ་ངལ་འདི་སེལ་ནི་གི་དོན་ལུ་ གཞན་མི་རྫོང་ཁག་ཚུ་ནང་བཟུམ་སྦེ་རང་ ཁྲོམ་འདི་ནང་ཡང་ སྡོད་ཁྱིམ་རྐྱབ་སའི་ས་ཁོངས་ཚུ་དགོཔ་འདི་ ཁག་ཆེཝ་སྦེ་རང་ འཐོན་ཏེ་ཡོདཔ་སྦེ་ཞུ་ཡི།

གནད་དོན་འདི་གི་ཐོག་ལུ་ འདས་པའི་རྫོང་ཁག་ཚོགས་འདུ་ཚོགས་པའི་བསྒང་ཡང་ གྲོས་བསྡུར་ཚུ་འབད་དེ་ཡོདཔ་ལས་ གྲོས་ཆོད་ཚུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལུ་ཕུལ་ནུག

ཨིན་རུང་ རྫོང་ཁག་བཟོ་བཀོདཔ་ སངས་རྒྱས་དབང་ཕྱུག་གིས་ཞུ་མི་ནང་ སྡོད་ཁྱིམ་གྱི་ས་ཁོངས་ཚུ་མ་བཟོ་བའི་ཧེ་མ་ ཁང་གླ་ཁར་སྡོད་མིའི་གནས་སྟངས་ཚུ་གི་ཐོག་ལུ་ ཚུལ་མཐུན་གྱི་ཞིབ་འཇུག་གཅིག་ འགོ་འདྲེན་འཐབ་དགོཔ་ཁག་ཆེ་ཟེར་ཨིན་མས།

འདི་ཡང་ ག་དེ་ཅིག་སྦེ་ ཞིབ་འཇུག་ཅིག་འགོ་འདྲེན་མ་འཐབ་པར་ ཁྱིམ་རྐྱབ་པ་ཅིན་ གནས་སྟངས་འདི་ ལྷུན་རྩེ་དང་བཀྲིས་སྒང་གི་ཁྲོམ་བཟུམ་སྦེ་ སྒེར་གྱི་ཁྱིམ་གི་ཇོ་བདག་ཚུ་ལུ་ ཁང་གླ་ཁར་སྡོད་མི་མེད་པའི་ དཀང་ངལ་འཐོན་འོང་ཟེར་ཨིན་མས།

འདི་འབདཝ་ལས་ ཁང་གླ་ཁར་སྡོད་མི་མེད་པ་ཅིན་ སྒེར་གྱི་ཁྱིམ་གྱི་ཇོ་བདག་ཚུ་གིས་ སྐྱིན་འགྲུལ་ཚུ་བཏབ་མི་ཚུགས་ནི་ཨིནམ་ལས་ སྒེར་སྡེ་གོང་འཕེལ་བཏང་ནི་དང་ ཁྲོམ་གྱི་ས་ཁོངས་གོང་འཕེལ་བཏང་ནི་དོན་ལུ་ གོ་སྐབས་ཚུ་ སྒོར་གྱི་ཁྱིམ་གྱི་ཇོ་བདག་ཚུ་ལུ་ འབྱིན་དགོཔ་ཡོདཔ་སྦེ་ཨིན་མས།

ཁྲོམ་འདི་ནང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་འདི་ སྤྱི་ལོ་༢༠༡༦ལུ་ སྡོད་ཁྱིམ་༥དེ་ཅིག་ མེ་གིས་འཚིག་པའི་ཤུལ་མ་འཐོན་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ སྒེར་གྱི་སྒྲིང་ཁྱིམ་དག་པ་ཅིག་ རྐྱབ་ཚར་ཏེ་ཡོདཔ་ལས་ གནས་སྟངས་འདི་ འགྱུར་བ་འགྱོ་སྟེ་འདུག

གནད་དོན་འདི་གི་ཐོག་ལུ་ གསུང་གྲོས་ཚུ་མ་བཏུབ་བཏུབ་སྦེ་གནང་པའི་ཤུལ་མ་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ གྲོས་ཆོད་འདི་ བསྐྱར་ཞིབ་འབད་ནི་གི་དོན་ལུ་ ད་རུང་རང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ལུ་ཕུལ་ནི་སྦེ་ ཐག་བཅད་ནུག

ད་རེས་བཟུམ་ཅིག་འབད་བ་ཅིན་ མོང་སྒར་ཁྲོམ་ཁར་སྡོད་མི་ མི་རློབས་སྟོང་ཕྲག་༥ལྷགཔ་ཅིག་ ཡོདཔ་ཨིན་མས།