གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

འཛམ་གླིང་ལུས་སྦྱོང་སྨན་བཅོས་ཀྱི་ཉིནམ་འདི་ ཨ་ཎིམོ་ཚུ་དང་གཅིག་ཁར་ བརྩི་སྲུང་འབད་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༩ ༢༠༡༩

༉ ད་རིས་ ཐིམ་ཕུག་ལུ་སྦེ་ འཛམ་གླིང་ལུས་སྦྱོང་སྨན་བཅོས་ཀྱི་ཉིནམ་བརྩི་སྲུང་འབད་ས་ལུ་ ཨ་ཎིམོ་ཚུ་ དུས་ཚོད་མང་ཤོས་ཅིག་རང་ རྩ་བར་སྡོད་ནི་འདི་གིས་ ཕྱག་ལྟག་དང་ སྒལ་ཏོ་ དེ་ལས་ པུས་མོ་ཚུ་ན་ནི་འདི་ སྤྱིར་བཏང་ལུ་ དུས་རྒྱུན་གྱི་ན་ཚ་ཅིག་ལུ་ འགྱུར་ཏེ་ཡོདཔ་སྦེ་ གསལ་སྟོན་བྱུང་ནུག

ཨིན་རུང་ ཁོང་མང་ཤོས་ཅིག་གིས་ར་ སྨན་བཅོས་འབད་བར་མི་འགྱོ་དོ་ཡོདཔ་མ་ཚད་ གཞན་མི་ ལུས་སྦྱོང་དང་འབྲེལ་བའི་ གསོ་བའི་ཞབས་ཏོ་ཚུ་ཡང་ མི་ལེན་དོ་ཡོདཔ་སྦེ་ཨིན་མས།

འཛམ་གླིང་ལུས་སྦྱོང་སྨན་བཅོས་ཀྱི་ཉིནམ་འདི་ཡང་ སྤྱིར་བཏང་གི་ན་ཚ་ཅིག་ཨིན་ཟེར་བའི་ བརྗོད་དོན་གྱི་ཐོག་ལུ་ བརཙི་སྲུང་འབད་ཡི།

འདི་ཡང་ ཨ་ཎིམོ་ཚུ་ དུས་ཚོད་མང་ཤོས་ཅིག་རང་ རྩ་བར་སྡོད་དགོཔ་འཐོན་དོ་ཡོདཔ་ལས་ གཟུགས་ཀྱི་ཡན་ལག་ལུ་ སྐྱོན་བཞུགས་ཀྱི་ན་ཚ་ཚུ་ ཐོབ་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ ལུས་སྦྱོང་སྨན་བཅོས་མཁས་མཆོག་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ཉིནམ་འདི་ ཨ་ཎིམོ་ཚུ་དང་གཅིག་ཁར་ བརྩི་སྲུང་འབད་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་མས།

གསོ་བའི་འགོ་དཔོན་ཚུ་གིས་བཀོད་མི་ནང་ གཟུགས་ཀྱི་ཡན་ལག་ལུ་ སྐྱོན་བཞུགས་ཀྱི་ན་ཚ་ཟེར་མི་འདི་ཡང་ ནདཔ་འདི་ལུ་ ནད་གཞི་འདི་ཐོབ་སྟེ་ བདུན་ཕྲག་༦་ལྷགཔ་ཅིག་འགྱོ་མི་ལུ་ སླབ་དོ་ཡོདཔ་སྦེ་ཨིན་མས།

ནད་གཞི་འདི་ལས་བརྟེན་ཏེ་ ནདཔ་འདི་ལུ་ ཡན་ལག་གུར་ ཟུག་རྐྱབ་སྟེ་ཡོད་སའི་ཆ་ཤས་ཅིག་ ཚབ་ཤུགས་རྐྱབ་སྟེ་ ན་ནི་དང་ ཡང་ཅིན་ འཕྲལ་འཕྲལ་རང་ ཤུགས་སྦེ་ ན་དོ་ཡོདཔ་ཨིན་མས།

འགོ་དཔོན་ཚུ་གིས་སླབ་མི་ནང་ ཨ་ཎིམོ་ཚུ་ལུ་ འདི་བཟུམ་གྱི་ན་ཟུག་རྐྱབ་སྟེ་ ཟླ་༦་ལྷགཔ་ཅིག་འགྱོ་མི་ཡོད་པ་ཅིན་ སྨན་ཁང་ནང་ལས་ གསོ་བའི་བསླབ་བྱ་ཚུ་ལེན་དགོ་ཟེར་ གོ་བརྡ་སྤེལ་ནུག

ད་རུང་ ཁོང་ཆ་ཁྱབ་ཀྱིས་ བཅའ་མར་གཏོགས་མི་ཚུ་ལུ་ ནད་གཞི་ཚབས་ཆེན་མ་འདྲཝ་ཚུ་གི་སྐོར་ལས་ཡང་ གོ་བརྡའི་ཤེས་ཡོན་ཚུ་ བྱིན་ཡོདཔ་ཨིན་མས།

ཉིནམ་བརྩི་སྲུང་འབད་ས་ལུ་ གསོ་བའི་འགོ་དཔོན་ཚུ་གྱིས་ ནད་གཞི་བརྟག་དཔྱད་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ ཁྱིམ་ནང་ལུ་སྡོད་པའི་སྐབས་ ལུས་སྦྱོང་འབད་ནི་གི་ ལས་རིམ་ཁག་མ་འདྲཝ་ཚུ་གི་སྐོར་ལས་ཡང་ སྟོན་བྱིན་ནུག

འཛམ་གླིང་ལུས་སྦྱོང་སྨན་བཅོས་ཀྱི་ཉིནམ་བརྩི་སྲུང་འབད་ས་ལུ་ ཨ་ཎེམོ་༥༠་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ཡོདཔ་ད་ ལས་རིམ་འདི་ཡང་ ལུས་སྦྱོང་སྨན་བཅོས་མཁས་མཆོག་ཚུ་གིས་ མི་སྡེ་ནང་ལུ་ ཁག་ཆེ་བའི་གོ་བརྡ་སྤེལ་ཐབས་ལུ་དམིགས་ཏེ་ བརྩི་སྲུང་འབད་ཡོདཔ་ཨིན་མས།

ཉིནམ་འདི་ཡང་ འཛམ་གླིང་ནང་ལུ་ སྤྱི་ལོ་༡༩༩༦་ སྤྱི་ཟླ་༩་པའི་སྤྱི་ཚེས་༨་ལས་ཚུར་ བརྩི་སྲུང་འབད་ནི་ འགོ་བཙུགས་ནུག