གཞལ་སྒང་གི་མི་སེར་ཚུ་ལུ་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་གྱི་ རེ་བ་ཚུ་རྫོངས་ཡོདཔ།
སྤྱི་ཟླ་༥ པའི་ཚེས་ ༢༩ ༢༠༡༩
༉ གཞལ་སྒང་གི་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་མེ་ག་ཝཊི་༧༧༠འབད་མི་འདི་ ལོ་༥འཆར་གཞི་༡༢པའི་ནང་ལུ་མི་རྐྱབ་ནི་སྦེ་ ཐག་བཏོག་ནི་འདི་གིས་ རྫོང་ཁག་འདི་ནང་གི་མི་སེར་ཚུ་ལུ་ རེ་བ་དང་རེ་ཆི་ཚུ་ རྫོགས་ཏེ་འདུག
འཕངས་མཁར་རྒེད་འོག་ནང་ལུ་ཡོད་པའི་ སྤན་ལྟང་གཡུས་ཁའི་མི་སེར་ཚུ་གིས་ དཔལ་འབྱོར་ཡར་དྲག་གི་གོ་སྐབས་ཚུ་མཐོང་མི་དང་འབྲེལ་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ཚུ་ལེན་ཞིན་ན་ ཁྱིམ་དང་ཚོང་ཁང་ཚུ་ རྐྱབ་ནི་འགོ་བཙུགས་ནུག
འདི་བཟུམ་སྦེ་ ཁེངས་སྟོད་ཀྱི་ རྒེད་འོག་༣གྱི་ཁྱིམ་གུང་པ་༣༤གིས་ ཟུར་ལམ་ཅིག་ གློག་མེ་འཕྲུལ་ཁང་གི་ས་སྒོ་ཚུན་ཚོད་ སེལ་འོང་ཟེར་མནོ་ ཁོང་རའི་ས་ཆ་ཚུ་ཡང་ ལམ་སེལ་ནི་གི་དོན་ལུ་བྱིན་ཡོདཔ་མ་ཚད་ འཕྲལ་ཁམས་གཅིག་ཁར་ ས་གནས་རིན་སྡི་སྒང་ལུ་སྦེ་ མང་སྡེ་ཆུ་གུ་ལས་ སྤིང་ཟམ་ཅིག་ཡང་ རྐྱབ་སྟེ་འདུག
སྤན་ལྟང་གཡུས་ཚན་གྱི་མ་ཚད་པར་ པཱན་སྦང་དང་འདི་ག་ལ་ དེ་ལས་ ཏིང་ཏིང་སྦིས་གཡུས་ཚན་ཚུ་ནང་ལས་ཕར་ཡང་ ཁྱིམ་གསརཔ་ལེ་ཤ་ཅིག་རང་ རྐྱབ་པའི་བསྒང་རང་ཡོདཔ་ཨིན་མས།
ས་གནས་འདི་ཁའི་མི་ཚུ་གིས་བཀོད་མི་ནང་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་རྐྱབ་ནི་འདི་ ཚོགས་རྒྱན་ཐོབ་ནི་གི་དོན་ལས་ སྲིད་དོན་ཚོགས་པ་ག་རའི་དོན་ལུ་ ཁས་བླངས་གསལ་བསྒྲགས་གཙོ་བོ་ཅིག་སྦེ་ སྡོད་ཡོདཔ་ལས་ ཁས་བླངས་འབད་མི་འདི་ མི་བདེན་པས་ཟེར་བཤད་ཅི།
ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་སྐབས་ལུ་ བསྟན་རྒྱས་བློན་པོ་ ལོག་ཊད་ཤར་མ་གིས་ཞུ་མི་ནང་ ལས་འགུལ་འདི་རྐྱབ་པ་ཅིན་ མཐའ་འཁོར་གནས་སྟངས་ལུ་ གནོད་པ་སྦོམ་སྦེ་རང་འབྱུང་ནི་ཨིནམ་མ་ཚད་ ལས་འགུལ་འདི་ལས་བརྟེན་པའི་འོང་འབབ་འདི་ཡང་ ཟད་འགྲོ་བཏང་མི་ལས་ ཉུང་ནི་ཨིནམ་ལས་ གཞུང་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་གྱི་ཚབ་ལུ་ སཱུན་ཀོཤ་གློག་མེ་ལས་འགུལ་འདི་ གཙོ་རིམ་བཟུང་དོ་ཡོདཔ་སྦེ་ཞུ་ཡི།
འདི་བཟུམ་སྦེ་ བློན་ཆེན་གྱིས་བཀོད་མི་ནང་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་འདི་ འོས་འབབ་ངེས་བདེན་ཡོད་པའི་དུས་ཚོད་ཁར་ བཟོ་སྐྲུན་འབད་དགོཔ་འདུག་ཟེར་ཞུ་བ་འབད་ནུག
པཱན་སྦང་འདེམས་ཁོངས་ནང་ལས་ སྤྱི་ཚོགས་ཀྱི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་འདི་ ད་རེས་ མི་རྐྱབ་ནི་སྦེ་ཐག་བཏོག་ཡོད་པའི་གནས་ཚུལ་འདི་ གཞལ་སྒང་རྫོང་ཁག་གི་མི་སེར་ཚུ་ལུ་ བློ་ཕམ་དང་དབུགས་འགམ་དགོ་པའི་གནད་དོན་ཅིག་སྦེ་ འཐོན་ཏེ་ཡོདཔ་སྦེ་ཞུ་ཡི།
འདི་དང་གཅིག་ཁར་ ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ གཞལ་སྒང་གི་མི་སེར་ཚུ་གི་དོན་ལུ་ ལས་འགུལ་འདི་ལས་བརྟེན་ ད་རེས་ གོང་འཕེལ་གྱི་ལས་སྣ་ཚུ་ བཀག་ཆ་འབད་དེ་ཡོད་མི་གི་ཚབ་ལུ་ འབྲེལ་མཐུན་གྲོང་གསེབ་གོང་འཕེལ་སྦེ་ བཟོ་ནི་གི་འོས་འབབ་ཡོདཔ་མེདཔ་གི་སྐོར་ལས་ དྲི་བ་ཞུ་ཡོདཔ་ཨིན་མས།







རྒྱང་བསྒྲགས་དང་མཐུད་འབྲེལ།