མཐའ་ཟུར་གྱི་མི་སེར་ཚུ་གིས་ གོང་ཚད་ཕབ་ཆ་ཡོད་པའི་ གྲོང་གསེབ་ཤིང་ཆས་ཚུ་ ཐོབ་ཚུགས་ནི་ཨིནམ།
སྤྱི་ཟླ་༥ པའི་ཚེས་ ༢༩ ༢༠༡༩
༉ རྒྱལ་ཁབ་ཀྱི་ས་གནས་མཐའ་ཟུར་ལས་ཕར་སྡོད་མི་ འབྲུག་པའི་མི་སེར་ཚུ་གིས་ ད་ལས་ཕར་ ཁྱིམ་རྐྱབ་ནི་གི་དོན་ལུ་ གོང་ཚད་ཕབ་ཆ་ཡོད་པའི་ གྲོང་གསེབ་ཤིང་ཆས་ཀྱི་དོན་ལུ་ ཞུ་བ་ཕུལ་ཚུགས་ནི་ཨིན་མས།
འདི་ཡང་ རྒྱལ་ཡོངས་ཚོགས་འདུའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ རྒྱབ་སྣོན་ཁག་༡༠འབད་དེ་ཡོད་མི་འདི་ ཆ་འཇོག་འབད་ནི་འདི་གིས་ཨིན་མས།
རྒྱབ་སྣོན་ཚུ་ཡང་ མི་དམངས་ལུ་ ནགས་ཚལ་དང་འབྲེལ་བའི་ཞབས་ཏོག་ཚུ་ ཡར་དྲག་བཏང་ཐབས་ལུ་དམིགས་ཏེ་ ཕུལ་ཏེ་ཡོདཔ་ད་ རྒྱབ་སྣོན་འདི་གི་ཐོག་ལུ་ གསུང་གྲོས་མཐིལ་ཕྱིན་སྦེ་གནང་པའི་ཤུལ་མ་ འཐུས་མི་ཚུ་གིས་ ཕྱག་ཡར་འཐུ་སྟེ་ ཆ་འཇོག་འབད་དེ་འདུག
ནགས་ཚལ་དང་རང་བཞིན་གནས་སྟངས་ཉམས་སྲུང་གི་ སྒྲིག་གཞི་དང་ལམ་ལུགས་༢༠༡༧ཅན་མ་དང་འཁྲིལཔ་ད་ ཞུ་བ་ཕུལ་མི་གཅིག་གིས་ གོང་ཚད་ཕབ་ཆ་ཡོད་པའི་ ཤིང་ཆས་ཐོབ་ནི་གི་དོན་ལུ་ ཚད་གཞི་༥གྲུབ་དགོཔ་སྦེ་ཡོདཔ་ཨིན་མས།
འདི་ཡང་ ཞུ་བ་ཕུལ་མི་འདི་ ས་ཁོངས་འདི་ཁའི་མི་དང་ བཟའ་ཚང་གི་གཙོ་ཅན་ དེ་ལས་ ཁྱིམ་རྐྱབ་ནི་གི་ཆ་ཆ་འདི་ ཉོ་ཉོཝ་མེན་པར་ ཕ་གཞིས་ཚུ་དགོ་ནི་ཨིན་མས།
གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ གནད་དོན་འདི་ ཉེ་རིང་དང་ཕྱོགས་རི་ཡོད་པའི་ཁར་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ལུ་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ འགྲོ་འགྲུལ་འབད་ཆོག་པའི་གནད་དོན་ལས་ཡང་ འགལ་བ་ཡོདཔ་སྦེ་ མཐོང་ཡོདཔ་ལས་ ཚོགས་ཆུང་འདི་གིས་ དོན་ཚན་འདི་ཚུ་ བཏོན་བཏང་དགོཔ་སྦེ་ རྒྱབ་སྣོན་ཕུལ་ཏེ་ཡོདཔ་ཨིན་མས།
ད་རུང་ ཚོགས་ཆུང་འདི་གིས་ གཞན་མི་རྒྱབ་སྣོན་ཚུ་ཡང་ཕུལ་ཏེ་ཡོདཔ་ད་ འདི་ཚུ་ཡང་ ཤིང་ཆས་ཀྱི་གནང་བ་བྱིན་ནི་གི་དོན་ལུ་ ནགས་ཚལ་གཙོ་འཛིན་འགོ་དཔོན་ངོ་ཚབ་ཚུ་ བཙུགས་དགོ་པའི་སྐོར་ལས་ཨིན་མས།
འདི་ཡང་ མི་དམངས་ལུ་ ཤིང་ཆས་ཀྱི་གནང་བ་བྱིན་པའི་སྐབས་ དོན་མེད་པའི་དུས་ཚོད་འགོར་མི་གི་གནད་དོན་ཚུ་ བཀག་ཆ་འབད་ནི་གི་དོན་ལུ་ཨིན་མས།
འདི་བཟུམ་སྦེ་ ཚོགས་ཆུང་འདི་གིས་ སྒྲིག་གཞི་འདི་ནང་ལུ་ ཁྲིམས་འགལ་གྱི་ཐོག་ལས་ གོང་ཚད་ཕབ་ཆ་ཡོད་པའི་ ཤིང་ཆས་བཙོང་མི་དང་ཉོ་མི་ནང་འབྲེལ་བ་ཡོད་མི་ མི་ངོམ་༢ཆ་རང་ལུ་ ཉེས་བྱ་བཀལ་དགོ་པའི་དོན་ཚན་ཅིག་ འཁོད་དགོ་པའི་སྐོར་ལས་ཡང་ རྒྱབ་སྣོན་འབད་དེ་འདུག
ཚོགས་འདུ་གིས་ ཚོགས་ཐེངས་དང་པའི་སྐབས་ལུ་ ཚོགས་ཆུང་འདི་ལུ་ མི་སེར་ཚུ་གིས་ རྒེད་འོག་རྒྱ་སྐྱེད་ཡིག་ཚང་ནང་ལས་ ནགས་ཚལ་དང་འབྲེལ་བའི་ཞབས་ཏོག་ཚུ་ལེན་པའི་སྐབས་ སྟབས་མ་བདེཝ་འཐོན་མི་གི་གནད་དོན་ཐོག་ལུ་ ཞིབ་འཇུག་འབད་བཞིན་ན་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ཚུ་ ཚོགས་དགོ་པའི་སྐོར་ལས་ བཀོད་རྒྱ་གནང་སྟེ་འདུག







རྒྱང་བསྒྲགས་དང་མཐུད་འབྲེལ།