གཟའ་ཟླ་བ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༢༥

ཐིམ་ཕུག་གི་སྤྲོ་སྟོན་ཁང་ཚུ་ནང་ལས་ཕར་འགྱོ་དགོ་པ་ཅིན་ ངོ་སྤྲོད་ལག་ཁྱེར་བཏོན་དགོཔ།

སྤྱི་ཟླ་༡༢ པའི་ཚེས་ ༢༤ ༢༠༡༨

༉ ཐིམ་ཕུག་ཁྲོམ་སྡེ་གིས་ ལོ་ན་མ་སྨིན་པའི་ཨ་ལུ་ཚུ་ ཆང་འཐུང་མ་བཅུག་པར་བཞག་ནི་གི་དོན་ལུ་ སྤྲོ་སྟོན་ཁང་ཚུ་ནང་ལས་ཕར་ འོང་མི་ཚུ་གི་ལོ་ཚད་ཚུ་ ཨིན་ཅི་མིན་ཅི་ར་ བདེན་དཔྱད་འབད་དགོཔ་སྦེ་ བཟོ་སྟེ་འདུག

འདི་འབདཝ་ལས་ ཆང་ཁང་དང་སྤྲོ་སྟོན་ཁང་ཚུ་གིས་ ད་ལས་ཕར་ མི་ཚུ་འོང་པའི་སྐབས་ ལོ་༡༨ལང་སྟེ་ཡོདཔ་མེདཔ་བལྟ་ནི་གི་དོན་ལུ་ སྒོ་ཁ་ལས་རང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཚུ་ བལྟ་རྟོགས་འབད་དགོ་ནི་ཨིན་མས།

གནད་དོན་འདི་ཡང་ ཐིམ་ཕུག་ཁྲོམ་སྡེ་དང་ གཞན་མི་འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ ཚོགས་སྡེ་གི་ཞལ་འཛོམས་ཚོགས་ཅིག་པའི་སྐབས་ལུ་ གྲོས་ཐག་བཅད་དེ་འདུག

ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ ལམ་ལུགས་འདི་ལུ་མ་གནས་མི་ཚུ་ལུ་ ཉེས་བྱ་སྦོམ་སྦེ་རང་ བཀལ་ནི་ཨིནམ་མ་ཚད་ གནད་དོན་འདི་ ལོག་ཅི་ལོག་ཅི་རང་ཐོན་པ་ཅིན་ ཚོང་ཁང་གི་ཆོག་ཐམ་ཚུ་ཡང་ ཆ་མེད་བཏང་འོང་ཟེར་བཤད་ཅི།

ཐིམ་ཕུག་ཁྲོམ་སྡེ་གིས་ ལམ་ལུགས་དེ་སྦེ་བཟོ་མི་འདི་ལུ་ ཨ་ལུའི་ཕམ་ཚུ་གི་ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་སྦེ་རང་འདུག

ཁོང་གིས་སླབ་མི་ནང་ ཁྲོམ་སྡེ་གིས་ ཐབས་ཤེས་དེ་སྦེ་བཏོན་མི་འདི་གིས་ ལོ་ན་གཞོནམ་ཚུ་ སྤྲོ་སྟོན་ཁང་ཚུ་ནང་ འགྱོ་མི་ཚུགས་ནི་ཨིནམ་ལས་ ཁོང་ཆ་ཁྱབ་ཀྱིས་ ཆང་དང་སྨྱོ་རྫས་ཚུ་ཡང་ སྤྱོད་དགོཔ་མི་ཐོན་ནི་མས་ཟེར་བཤད་ཅི།

ལམ་ལུགས་འདི་ཡང་ ཐིམ་ཕུག་ཁྲོམ་སྡེ་དང་ འབྲེལ་ཡོད་ལས་སྡེ་ཚུ་མཉམ་འབྲེལ་འབད་ཞིན་ན་ དམ་དམ་སྦེ་རང་ བལྟ་རྟོག་ཚུ་འབད་ནི་ཨིན་མས།