གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཙོན་ཁྲིམས་བཀལ་མི་ལུ་ བསམ་མ་རྫོགས་པར་མཐོ་གཏུགས།

སྤྱི་ཟླ་༡༡ པའི་ཚེས་ ༡༩ ༢༠༡༨

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བུམ་ཐང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཕོ་སྐྱེས་གཅིག་གིས་ ལོ་ན་མ་སྨིན་པའི་ བུམོ་ཅུང་ཅིག་དང་གཅིག་ཁར་ གཉེན་རྐྱབ་མི་ལུ་ འདས་པའི་ཟླཝ་གི་སྤྱི་ཚེས་༢༥ལུ་ བཙོན་ཁྲིམས་ལོ་༣མ་ལངམ་ཅིག་གི་ འཁྲུན་ཆོད་བཏོན་མི་འདི་ལུ་ བསམ་པ་མ་རྫོགསཔ་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་དེ་འདུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ གནད་དོན་འདི་ ཨ་ལུ་སྐྱེས་ལོ་༡༢ཡན་ཆད་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ གནད་དོན་ཅིག་འབདཝ་ལས་ བཙོན་ཁྲིམས་ལོ་༥ལས་༩གི་བར་ན་ ཕོག་དགོཔ་ཅིག་འདུག་ཟེར་ཨིན་མས།

འདི་ལུ་ བུམ་ཐང་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་བཀོད་མི་ནང་ འཁྲུན་ཆོད་འདི་ བུམོ་འདི་གི་ལོ་ཚད་དང་འཁྲིལ་ཏེ་ བདེན་ཁུངས་ཀྱི་ནོར་འཁྲུལ་ལུ་གཞི་བཞག་སྟེ་ བཏོན་ཏེ་ཡོདཔ་སྦེ་ཨིན་མས།

སྐྱེས་ལོ་༢༨ལང་མི་ཕོ་སྐྱེས་འདི་གིས་ ཁྲིམས་ཀྱི་འདུན་ས་ལུ་ བུམོ་འདི་གིས་ མོ་ར་ གཉེན་རྐྱབ་བཏུབ་པའི་ལོ་ཚད་ལེན་ཡོདཔ་སྦེ་སླབ་ཞིན་ན་ ཁོ་ལུ་ གཉེན་རྐྱབ་དགོཔ་སྦེ་ དབུ་བཙུགས་བཀལ་ཡི་ཟེར་ ཞུ་བ་འབད་ཡོདཔ་སྦེ་ཨིན་མས།

སྐྱེས་ལོ་༡༥ལང་མི་ བུམོ་འདི་གིས་ ཕོ་སྐྱེས་འདི་གིས་སླབ་མི་ལོ་རྒྱུས་ཚུ་ག་ར་ བདེན་པ་ཡོདཔ་སྦེ་ཁ་བཟེད་ཡོདཔ་ཨིན་རུང་ བུམོ་འདི་གི་ཨའི་གིས་ ཁྲིམས་ཁང་ནང་ལུ་ ཕོ་སྐྱེས་འདི་གིས་ མོ་གི་བུམོ་འདི་ ལོ་ན་ཚད་མ་ཁུགཔ་ཨིནམ་ ཤེས་ཟེར་སླབ་སྟེ་ ཡོདཔ་སྦེ་ཨིན་མས།

ཕོ་སྐྱེས་འདི་གི་ཨའི་གིས་བཀོད་མི་ནང་ བུམོ་གི་ཕམ་གིས་རང་ བུམོ་འདི་ ལོ་ན་ཚོད་མ་ཁུགཔ་མེན་ཟེར་སླབ་ཞིན་ན་ གཉེན་རྐྱབ་ནི་གུ་ ཁ་འཆམ་ཅི་ཟེར་ཨིན་མས།

འདི་འབདཝ་ལས་ བུམ་ཐང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་འདི་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་ ༧༦པའི་ནང་ ཤེས་དམན་ནམ་ ནོར་འཁྲུལ་གྱི་དགག་ལན་འདི་ལུ་བརྟེན་ཏེ་ རྩོད་ཟླ་ལུ་སྨིན་དགོ་པའི་ ཁྲིམས་ཚད་ལས་ཕབ་ཆོག་ཟེར་ འཁོད་དེ་ཡོད་མི་དང་འཁྲིལ་ཏེ་ བཏོན་ཡོདཔ་སྦེ་ཨིན་མས།

ད་རུང་ འཁྲུན་ཆོད་འདི་དང་འཁྲིལཔ་ད་ ཕོ་སྐྱེས་འདི་གིས་ རྒུད་འཐུས་ཚུ་སྤྲོད་དགོཔ་མ་ཚད་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་ དངུལ་ཀྲམ་འབུམ་༡དང་སྟོང་ཕྲག་༡༧ལྷགཔ་ཅིག་སྤྲོད་རུང་ བཏུབ་སྦེ་བཀོད་དེ་འདུག

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕོ་སྐྱེས་འདི་ལུ་ བྱིས་པ་སྐྱེས་ལོ་༡༢ཡན་ཆད་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ཉེས་འཛུགས་བཀལ་ཏེ་ཡོདཔ་ཨིན།

གནད་དོན་འདི་ཡང་ དུས་ཅི་ སྤྱི་ཟླ་༨པའི་ནང་ལུ་ ནང་འཁོད་སྡུག་རྩུབ་ཀྱི་གནད་དོན་ཅིག་སྦེ་ སྙན་ཞུ་འབད་བའི་ཤུལ་ ཐོན་ཡོདཔ་ཨིན་མས།