གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

སྤུ་ན་ཁ་ལུ་ སྟོང་ལོར་རྫུས་མ་ལག་ལེན་འཐབ་མི་འདི་ བདའ་ཟུན་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༡༡ ༢༠༡༨

༉ ཁ་ཙ་ སྤུ་ན་ཁ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྤུ་ན་རྫོང་ཁག་ དཀར་སྦི་ས་ལས་ སྐྱེས་ལོ་༤༢ལང་མི་ཕོ་སྐྱེས་གཅིག་གིས་ ཤེས་ཅི་མཐོང་ཅི་རང་ དངུལ་ལོར་རྫུས་མ་ལག་ལེན་འཐབ་ཡོད་པའི་ ཉེས་པ་ལུ་བརྟེན་ཏེ་ ལོ་ཕྱེད་ད་༤གི་ བཙོན་ཁྲིམས་བཀལ་ནུག

འཁྲུན་ཆོད་དང་འཁྲིལཔ་ད་ ཉེས་ཅན་ཕོ་སྐྱེས་འདི་གིས་ སྟོང་ལོར་རྫུས་མ་ཚུ་ཡང་ སྤྱི་ཟླ་༧པའི་ནང་ རྒྱ་གར་གྱི་ས་མཚམས་ཁྲོམ་ཇཱའི་གཱོན་ལུ་སྡོད་མི་ རྒྱ་གར་གྱི་ཕོ་སྐྱེས་ཅིག་ནང་ལས་ སྟོང་ལོར་རྫུས་མ་༣འབག་ཞིནམ་ལས་ ཁུ་རུ་ཐང་ཁྲོམ་ཁའི་ ཚོང་ཁང་ཚུ་ནང་ལས་ཕར་ ལག་ལེན་འཐབ་སྟེ་ཡོདཔ་སྦེ་ བཀོད་དེ་འདུག

ཕོ་སྐྱེས་འདི་གིས་ ཁྲིམས་ཀྱི་འདུན་ས་ལུ་ཞུ་མི་ནང་ སྟོང་ལོར་ཚུ་རྫུས་མ་ཨིནམ་ ཁོ་གིས་ མ་ཤེསཔ་ལས་ རྒྱ་གར་གྱི་ཕོ་སྐྱེས་འདི་གིས་ ཁོ་ལུ་ འབྱིད་སྐོར་རྐྱབ་ནུག་ཟེར་བཤད་ཅི།

ཨིན་རུང་ འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཉེས་ཅན་ཕོ་སྐྱེས་འདི་གིས་ ཁྲིམས་སྲུང་འགག་པ་ལུ་ འབྱིན་མི་ངག་བརྗོད་དང་འཁྲིལཔ་ད་ དངུལ་ལོར་རྫུས་མ་ཚུ་ ཤེས་ཅི་མཐོང་ཅི་རང་ རྒྱ་གར་གྱི་མི་ངོམ་འདི་ལས་ ལེན་འབག་འོང་ཞིནམ་ལས་ རྒྱལ་ཁབ་ནང་ལུ་ ལག་ལེན་འཐབ་ཡོད་པའི་ སྒྲུབ་བྱེད་འཐོན་ཡི་ཟེར་ཨིན་མས།

ད་རུང་ འཁྲུན་ཆོད་འདི་ནང་ལུ་ ཉེས་ཅན་ཕོ་སྐྱེས་འདི་གིས་ རྒྱ་གར་གྱི་ཕོ་སྐྱེས་འདི་ཡང་ རྒྱ་གར་ཁྲོམ་ཁ་ཡོད་པའི་ ཚོང་ཁང་གཅིག་གི་ནང་ལུ་ ཇ་འཐུང་སྟེ་སྡོད་པའི་སྐབས་ འཕྱད་དེ་ཡོདཔ་སྦེ་ སླབ་སྟེ་འདུག་ཟེར་ཨིན་མས།

འདི་བསྒང་ རྒྱ་གར་གྱི་ཕོ་སྐྱེས་འདི་གིས་ ཁོ་ལུ་འབྲུག་པའི་དངུལ་ལོར་རྫུས་མ་ཚུ་ཡོདཔ་ལས་ ཚར་གཅིག་དཔེ་བཟུམ་ཅིག་སྦེ་ འབག་བལྟ་ད་ཟེར་སླབ་སྟེ་ ཁོ་ལུ་ བྱིན་ཏེ་ཡོདཔ་སྦེ་ཨིན་མས།

འབྲུག་རྒྱང་བསྒྲགས་ཀྱི་ གནས་ཚུལ་གྱི་ ཐོ་བཀོད་དང་འཁྲིལཔ་ད་ རྒྱལ་ཁབ་ནང་ལུ་ དངུལ་ལོར་རྫུས་མ་དང་འབྲེལ་གནོད་འགེལ་མཇུག་ར་ སྤྱི་ལོ་༢༠༡༥ལུ་ དགེ་ལེགས་ཕུག་ལུ་ ཕོ་སྐྱེས་༢ཀྱིས་ རྒྱ་གར་གྱི་རུ་པི་རྫུས་མ་འདི་ འབྲུག་པའི་དངུལ་ལོར་དང་གཅིག་ཁར་ བརྗེ་སོར་འབད་ནི་གི་ དཔའ་བཅམ་ཡོད་སྦེ་ བདའ་ཟུན་ཡོདཔ་སྦེ་ བཀོད་དེ་འདུག

འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཔ་ད་ དངུལ་རྫུས་མ་བཟོ་བའི་གནོད་འགེལ་འདི་ དབྱེ་རིམ་བཞི་པའི་ཉེས་ཆེན་ཨིནམ་ལས་ བཙོན་ཁྲིམས་ཉུང་ཤོས་རང་ ལོ་༣ལས་༥གི་བར་ན་ ཕོག་ནི་ཨིན་མས།