ལྕོང་འབུཔ་གིས་སྦེ་ལུད་བཟོ་མི་འདི་ ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་རང་འགྱོ་དོ་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་ལྷག་པ། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༤

ལྕོང་འབུཔ་གིས་སྦེ་ལུད་བཟོ་མི་འདི་ ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་རང་འགྱོ་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༡ ༢༠༡༨

༉ བསམ་རྩེ་ ནོར་བུ་སྒང་རྒེད་འོག་ནང་ལུ་ ལྕོང་འབུཔ་གིས་སྦེ་ལུད་བཟོ་མི་འདི་ མཁོ་འདོད་བསྐྱེད་མི་མང་སུ་ཅིག་ འཐོན་དོ་ཡོད་མི་དང་འབྲེལ་ ད་རེས་ ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་རང་འགྱོ་དོ་ཡོདཔ་ཨིན་མས།

ན་ཧིང་ ལུད་བཟོ་སའི་ས་སྒོ་ནང་ལས་ ལུད་ཀེ་ཇི་སྟོང་ཕྲག་༡༠ལྷགཔ་ཅིག་བཙོང་སྟེ་ འོང་འབབ་དངུལ་ཀྲམ་ འབུམ་༢དེ་ཅིག་བཟོ་ཚུགས་ཏེ་འདུག

ལྕོང་འབུཔ་ཚུ་ལས་བརྟེན་པའི་ ལུད་བཟོ་མི་འདི་ རང་བཞིན་དང་མཐུན་པའི་ ལུད་བཟོ་ཐངས་ཅིག་སྦེ་ རྩིས་དོ་ཡོདཔ།

སྐྱེས་ལོ་༤༦ལང་མི་ ཤཱ་རཱཌ་གུ་རུང་གིས་ དྲོ་པ་ཆུ་ཚོད་༦ལས་འགོ་བཙུགས་ཏེ་ ལྕོང་འབུཔ་ཚུ་ལས་བརྟེན་པའི་ ལུད་བཟོ་ནི་གི་ལཱ་ཚུ་ འབད་སར་མཐོང་ཚུགསཔ་ཨིན་མས།

ཁོ་གིས་ ལུད་བཟོ་ནི་གི་ལཱ་འདི་ ལོ་༥གི་ ཧེ་མ་ལས་ འགོ་བཙུགས་ཡོདཔ་ད་ ཁོ་གིས་ ཉིནམ་རེ་ནང་ ཨིན་ཅིག་མིན་ཅིག་ ཚར་ཅིག་འདི་ ལྕོང་འབུཔ་ཚུ་ ལྟ་རྟོག་འབད་བར་འགྱོ་དོ་ཡོདཔ་ཨིན་མས།

ལུད་བཟོ་སའི་ཁང་ཁྱིམ་འདི་ནང་ལུ་ ཁོ་གིས་འབུཔ་ཚུ་ལུ་ ནོར་གྱི་ཨ་བ་དང་ཅིག་ཁར་ ངང་ལ་ཤིང་སླ་བསྲེ་རྐྱབ་ཡོད་མི་ཚུ་ ལྟོ་སྦེ་ བྱིན་དོ་ཡོདཔ་ཨིན་མས།

ལྕོང་འབུཔ་ཚུ་གིས་ སླ་བསྲེ་རྐྱབ་མི་ཚུ་ ལོང་སྤྱོད་མི་ལུ་བརྟེན་ རྫས་སྦྱོར་མེད་པའི་ ལུད་ལུ་བསྒྱུར་དོ་ཡོདཔ་ཨིན་མས།

 ལུད་འདི་བཟོ་ཚར་བའི་ཤུལ་ལས་ ཁོ་གིས་ ལྕོང་འབུཔ་ཚུ་ ས་གནས་གཞན་ཁར་ འཐུ་འབག་འགྱོ་དོ་ཡོདཔ་ཨིན་མས།

དེ་ལས་ ཁོ་གིས་ ལུད་ཚུ་བསྡུ་ཞིནམ་ལས་ ཕྱི་སེལ་རྐྱབ་སར་མཐོངམ་ཨིན་མས།

ལུད་འདི་གི་ཕྱེ་ཚུ་ག་ར་ ཕྱི་སེལ་རྐྱབ་ཚར་བའི་ཤུལ་ལས་ ལུད་འདི་ མཛོད་ཁང་ནང་འབག་འགྱོ་དོ་ཡོདཔ་ཨིན།

མཛོད་ཁང་འདི་ནང་ལས་ ལུད་ཚུ་སྒམ་རྐྱབ་ཞིནམ་ལས་ ལུད་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥སྦེ་ བཙོང་དོ་ཡོདཔ་ཨིན་མས།

ད་རེས་ ལུད་བཟོ་སའི་ས་སྒོ་འདི་ནང་ལུ་ ལྕོང་འབུཔ་ཀེ་ཇི་༤༠དེ་ཅིག་ ལུད་བཟོ་ནི་གི་དོན་ལུ་ ས་སྒོ་༢༦གི་ནང་ལས་ཕར་ སྟོར་བཞག་སྟེ་འདུག

ལུད་འདི་བཟོ་ནི་གི་དོན་ལས་ ལྕོང་འབུཔ་ཚུ་གིས་ ནམ་བྱཱར་གྱི་དུས་ལུ་འབད་བ་ཅིན་ ཟླཝ་ཅིག་དེ་ཅིག་འགོར་དོ་ཡོད་པའི་ཁར་ ནམ་དགུན་ལུ་འདི་ འདི་བ་མང་སུ་སྦེ་ འགོར་དོ་ཡོདཔ་ཨིན་མས།