གཟའ་ཕུར་བུ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༨

ཁྲུམ་སིང་ལ་གླིང་ག་གི་ འཛིན་སྐྱོང་གི་འཆར་གཞི་ཚུ་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༥ ༢༠༡༧

༉ ཁྲུམ་སིང་ལ་གླིང་ག་གི་ འཛིན་སྐྱོང་གི་འཆར་གཞི་ཚུ་ ལོ་བརྒྱད་ཀྱི་ནང་འཁོད་ལུ་ བརྒྱ་ཆ་༢༠་ལས་༣༠་གི་བར་ན་རྐྱངམ་ཅིག་ ལག་ལེན་འཐབ་ཡོདཔ་ཨིན་མས།

འདི་ཡང་ ཨྱོན་དབང་ཕྱུག་མཐའ་སྐོར་ཉམས་སྲུང་དང་ཞིབ་འཚོལ་སྤེལ་ཁང་ནང་ལས་ ནགས་ཚལ་འགོ་དཔོན་ཅིག་གིས་ སྤྱི་ལོ་༢༠༡༥ལོའི་ནང་ ཞིབ་འཚོལ་འབད་བའི་སྐབས་ལུ་ མཐོང་ཡོདཔ་ཨིན་མས།

ཞིབ་འཚོལ་སྙན་ཞུ་འདི་ ད་རིས་ ཐིམ་ཕུག་ལུ་སྦེ་ ལོ་བསྟར་ཞིབ་འཚོལ་གྲོས་འཛོམས་ཐེངས་༤་པ་འདི་ མཇུག་བསྡུ་མི་དང་འབྲེལ་ སྙན་ཞུ་འབད་ཡོདཔ་ཨིན།

ཞིབ་འཚོལ་སྙན་ཞུ་འདི་ གསལ་ཞུ་འབད་མི་དང་འབྲེལ་ཏེ་ ནགས་ཚལ་འགོ་དཔོན་གོངམ་ འཕྲིན་ལས་ཆོས་སྒྲོན་གྱིས་སླབ་མི་ནང་ སྤྱི་ལོ་༢༠༠༨ལས་ ༢༠༡༣གི་བར་ན་ ལག་ལེན་འཐབ་ནི་སྦེ་ བཟོ་ཡོད་མི་ འཛིན་སྐྱོང་གི་འཆར་གཞི་འདི་ ལག་ལེན་ར་མ་འཐབ་པས་ཟེར་ཨིན་མས།

འདི་ཡང་ འཛིན་སྐྱོང་གི་འཆར་གཞི་ཚུ་ ལག་ལེན་འཐབ་མ་ཚུགས་མི་འདི་ཡང་ ཐོན་སྐྱེད་ལངམ་སྦེ་མེད་མི་དང་ གླིང་ག་འདི་གི་ འཛིན་སྐྱོང་པ་ སོར་མི་ཚུ་ལས་བརྟེན་ཏེ་ཨིནམ་སྦེ་བཀོད་ནུག

ད་རུང་ ནགས་ཚལ་འགོ་དཔོན་གོངམ་ འཕྲིན་ལས་ཆོས་སྒྲོན་གྱིས་སླབ་མི་ནང་ འཛིན་སྐྱོང་འཆར་གཞི་ཚུ་ ལག་ལེན་འཐབ་ནི་ ཕྱི་མི་ལས་བརྟེན་ཏེ་ འཆར་གཞི་ནང་ལུ་ཚུད་དེ་ཡོད་པའི་ལས་སྣ་ ཞིབ་འཚོལ་དང་ མི་སྟོབས་གོང་འཕེལ་བཏང་ནི་ དེ་ལས་ གླིང་ག་ནང་ལུ་ཚུད་དེ་ཡོད་པའི་ མི་སེར་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ལ་སོགས་པ་ཚུ་ཡང་ འབད་མ་ཚུགས་པས་ཟེར་ཨིན་མས།

མོ་གིས་ ཞིབ་འཚོལ་སྙན་ཞུ་འདི་ལུ་གཞི་བཞག་སྟེ་ ཁྲུམ་སིང་ལ་གླིང་ག་འདི་ ཇོན་ཐངས་ཅན་ཅིག་སྦེ་ འཛིན་སྐྱོང་འཐབ་ནི་གི་དོན་ལས་ འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་གིས་ འགན་ཁུར་སོ་སོ་སྦེ་ར་ འབག་དགོ་པའི་ རྒྱབ་སྣོན་འབད་ཡོདཔ་ཨིན།

འཛིན་སྐྱོང་གི་འཆར་གཞི་འདི་ཡང་ ལས་སྣ་མ་འདྲཝ་ཚུ་ རིམ་གྱི་སྦེ་ གྲུབ་ནི་གི་དོན་ལུ་ ལམ་སྟོན་གྱི་ཡིག་ཆ་ཚུ་གི་གྲལ་ལས་ཅིག་ཨིན་མས།