གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

ཨེ་ཤི་ཡན་སྤྱི་ཚོགས་ལས་འབྱེད་ཚོགས་ཆུང་གི་ཞལ་འཛོམས།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༧

༉ ཐིམ་ཕུག་ལུ་ ད་རིས་ལས་ མི་སྡེ་དང་ལམ་སྲོལ་གྱི་ཐོག་ལུ་ ཨེ་ཤི་ཡན་སྤྱི་ཚོགས་ལས་འབྱེད་ཚོགས་ཆུང་གི་ཞལ་འཛོམས་ ཐེངས་དང་པ་འདི་ ཚོགས་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

ཉིན་གྲངས་༣་གྱི་རིང་ཚོགས་ནི་ཨིན་མི་ ཞལ་འཛོམས་འདི་ཡང་ བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ འགོ་འབྱེད་གནང་ཡི།

བློན་ཆེན་གྱིས་གསུང་མི་ནང་ འབྲུག་ལུ་ འདི་བཟུམ་གྱི་ཆེ་རིམ་གནས་ཚད་ཀྱི་ཞལ་འཛོམས་ཚོགས་མི་འདི་གིས་ གྲལ་ཁར་གཏོགས་མི་འཐུས་མི་ཚུ་ལུ་ ལུང་ཕྱོགས་ནང་ལུ་ གཞན་དང་མ་འདྲ་བའི་ལམ་སྲོལ་ཡོད་མི་ཚུ་ ཧ་གོ་ནི་ནང་ ཕན་ཐོག་འབྱུང་འོང་ཟེར་ཨིན་མས།

ད་རུང་ བློན་ཆེན་གྱིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ ལམ་སྲོལ་གྱིས་ཕྱུག་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ འཐུས་མི་རྒྱལ་ཁབ་ཚུ་ལུ་ ལམ་སྲོལ་འདི་ཚུ་མཉམ་འབྲེལ་འབད་དེ་ སྲུང་སྐྱོབ་འབད་ནི་ནང་ སེམས་ཤུགས་འདི་ཚུ་འབྱིན་ཚུགས་པའི་ འོས་འབབ་ཡོདཔ་སྦེ་ཨིན་མས།

ཞལ་འཛོམས་འདི་གི་ཤུལ་མའི་ཉིནམ་གཉིས་ཀྱི་རིང་ལུ་ འཐུས་མི་ཚུ་གིས་ ཟིན་བྲིས་གུ་ཡོད་མི་ གྲོས་ཆོད་ཁག་༩་གི་ཐོག་ལུ་ གྲོས་བསྡུར་འབད་ནི་ཨིན་མས།

ཟིན་བྲིས་གྲོས་ཆོད་འདི་ནང་ ཨེ་ཤི་ཡ་ལུ་ ལམ་སྲོལ་མ་འདྲཝ་ཡར་དྲག་བཏང་ནི་དང་ སྲོལ་ཁྱུན་ཚུ་ སྲུང་སྐྱོབས་འབད་ནི་ དེ་ལས་ གནས་སྤོ་ཡི་རང་ ལཱ་འབད་མི་ཚུ་གི་ཐོབ་དབང་སྲུང་སྐྱོབ་འབད་ནི་འདི་ཚུ་ཚུདཔ་ཨིན་མས།

ད་རུང་ ངན་ལྷད་དང་ ཨེ་ཤི་ཡ་ལུ་ སྨྱོ་རྫས་ནག་ཚོང་འཐབ་མི་གི་གནད་དོན་གདོང་ལེན་འབད་ཐབས་ལུ་ མཉམ་འབྲེལ་འབད་ནི་ དེ་ལས་ འཛམ་གླིང་གི་ཆོས་ལུགས་ཀྱི་ཐད་ཁར་ གཅིག་གཅིག་ཡིད་ཆད་སྐྱེད་ནི་ཚུ་གི་སྐོར་ལས་ཡང་ གྲོས་བསྟུན་འབད་ནི་སྦེ་འདུག

འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༠༦་ལུ་ ཨེ་ཤི་ཡཱན་སྤྱི་ཚོགས་ཀྱི་འཐུས་མི་སྦེ་འཛུལ་བའི་ཤུལ་ འབྲུག་པི་སྤྱི་ཚོགས་ཀྱིས་ ཞལ་འཛོམས་འགོ་འདྲེན་འཐབ་མི་འདི་ ད་རེས་ འགོ་དང་པ་ཨིན་མས།

ཞལ་འཛོམས་འདི་ནང་ལུ་ རྒྱལ་ཁབ་༢༠་གི་ནང་ལས་ འཐུས་མི་བརྒྱ་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན། ཨེ་ཤི་ཡན་སྤྱི་ཚོགས་འདི་ནང་ལུ་ འཐུས་མི་སྤྱི་ཚོགས་༤༢་འདུག