གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

འབྲུག་མཉམ་རུབ་ཚོགས་པ་གིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ཚུ་ ཉམས་སྲུང་འབད་ནི་གི་དོན་ལས་ ཁྲིམས་དོན་མཁས་པ་དང་ རྒྱབ་མི་ཚུ་དང་ཅིག་ཁར་ གྲོས་བསྡུན་འབད་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༧

༉ འབྲུག་མཉམ་རུབ་ཚོགས་པ་ནང་ལས་ གནས་ཚུལ་གསར་བཏོན་ཅིག་དང་འཁྲིལཔ་ད་ ཚོགས་པ་གིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ཚུ་ ཉམས་སྲུང་འབད་ནི་གི་དོན་ལས་ ཁྲིམས་དོན་མཁས་པ་དང་ རྒྱབ་མི་ཚུ་དང་ཅིག་ཁར་ གྲོས་བསྡུན་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་མས།

འདི་ཡང་ གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་བྱིན་མི་གི་ཐད་ཁར་ཨིན་མས།

ཚོགས་པ་འདི་གིས་ གཞུང་གི་ཁ་ཐུག་ལས་ མཐུན་རྐྱེན་འདི་ སྤྱི་ཚོགས་ནང་ལས་ ཆ་འཇོག་མ་གནང་པའི་ཧེ་མ་ ན་ཧིང་སྤྱི་ཟླ་དང་པའི་ནང་ལས་ར་ ལག་ལེན་འཐབ་ནི་འགོ་བཙུགས་ཏེ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལས་འགལ་བའི་ལཱ་འབད་དེ་ཡོདཔ་སྦེ་ ཉེས་འཛུགས་སྐྱེལཝ་ཨིན་མས།

ཨིན་རུང་ གཞུང་གི་ཁ་ཐུག་ལས་ དེ་སྦེ་ ཉེས་འཛུགས་བཀོད་མི་འདི་ བདེན་པ་མེདཔ་སྦེ་ བཀོད་དེ་ཡོདཔ་ཨིན།

ཚོགས་པ་འདི་གིས་བཀོད་མི་ནང་ བློན་ཆེན་གྱིས་ མངོན་མཐོའི་ཁྲིམས་ཀྱི་འདུན་སའི་གྲོས་ཆོད་ འགྲེལ་བཤད་བརྐྱབ་མི་འདི་ མི་བདེན་ཟེར་ཨིནམ་དང་ འདི་ཡང་ ཤེས་ཅི་མཐོང་ཅི་ར་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལས་འགལ་བའི་ལཱ་འབད་ཡི་ཟེར་བཤདཔ་ཨིན་མས།

ཚོགས་པ་འདི་གིས་བཀོད་མི་ནང་ བློན་ཆེན་གྱིས་ ཚོགས་པའི་ཁ་ཐུག་ལས་དང་ལྡོག་ཕྱོགས་ དེ་ལས་ རྒྱལ་ཡོངས་ཚོགས་སྡེ་གི་ཁ་ཐུག་ལས་བཀོད་མི་གནད་དོན་ཚུ་ ཆ་གནས་མ་འབད་བར་ ག་ར་ སྲིད་དོན་དང་འབྲེལ་བ་ཡོདཔ་སྦེ་བཟོ་ཡི་ཟེར་ཨིན་མས།

དེ་འབདཝ་ལས་ ཚོགས་པ་འདི་གིས་བཀོད་མི་ནང་ བློན་ཆེན་དང་ དངུལ་རྩིས་བློན་པོ་གཉིས་ སེམས་ཀྱི་འཚོར་ཏེ་ འགན་ཁྲི་འབག་དགོཔ་དང་ དགོངས་ཞུ་འབད་དགོ་ཟེར་ཨིནམ་མ་ཚད་ དེ་མེན་པ་ཅིན་ ཁྲིམས་དང་འཁྲིལ་ཏེ་ར་ ངོས་ལེན་འབད་དགོ་ཟེར་ཨིན་མས།