གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

དཔལ་ལྡན་རྩིས་ས་དབང་འཛིན་གྱི་ས་རྩི་ས་བཏོན་ནི་འདི་ གནས་སྐབས་ཅིག་ བཤོལ་བཞག་ནི།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༧

༉ དཔལ་ལྡན་རྩིས་ས་དབང་འཛིན་ནང་ ཕྲུལ་ཆས་ཀྱི་དཀའ་ངལ་ལས་ཐོན་ཏེ་ཡོདཔ་ལས་ གནས་སྐབས་ཅིག་ རྩི་ས་བཏོན་ནི་འདི་ བཤོལ་བཞག་ནི་ཨིན་མས།

ལས་སྡེ་འདི་ནང་ལས་ རྩིས་ས་བཏོན་ནི་འདི་ མར་ཕབ་འགྱོ་སྟེ་ ཟླཝ་གཅིག་དེ་ཅིག་སོང་ཡོདཔ་ད་ འདི་ཡང་ འཕྲུལ་ཆས་ནང་ལུ་གིར་བོཀས་ཟེར་མི་འདི་ མེདཔ་ཐལ་བའི་ཤུལ་ཨིན་མས།

ཨ་རྟག་འབད་བ་ཅིན་ འཕྲུལ་ཁང་འདི་གིས་ ཉིནམ་རེ་ནང་ རྩིས་ས་ཊོན་༡༥༠༠་རེ་ བཏོན་ཚུགསཔ་ཨིན་རུང་ འཕྲུལ་ཆས་ནང་ལུ་ སྟབས་མ་བདེཝ་ཐོན་པའི་ཤུལ་ ཉིནམ་གཉིས་ཀྱི་ནང་ལུ་ རྩིས་ས་ཊོན་༤༠༠་དེ་ཅིག་ལས་བརྒལ་ བཏོན་མ་ཚུགས་པས།

འཕྲུལ་ཁང་འདི་གིས་ རྩིས་ས་འདི་ འཕྲུལ་ཆས་གཞན་མི་ཅིག་གཡོག་བཀལ་ཏེ་ བཏོན་དོ་ཡོད་རུང་ འདི་གིས་ ཨ་རྟག་བཟུམ་སྦེ་ བཏོན་མི་ཚུགས་དོ་ཡོདཔ་ཨིན་མས།

ཨིན་རུང་ འཕྲུལ་ཁང་འདི་གི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་སླབ་མི་ནང་ འཕྲུལ་ཆས་འདི་ལག་ལེན་འཐབ་སྟེ་སྦེ་ རྩིས་ས་བཏོན་ནི་འདི་ཡང་ འོང་འབབ་དེ་ཅིག་རང་མེདཔ་ལས་ བཤོལ་བཞག་ནི་ཟེར་བཤད་ཅི།

འཕྲུལ་ཆས་འདི་གི་གིར་འདི་ ཚར་ཅིག་བཅོ་ཁ་རྐྱབ་ཡོདཔ་ཨིན་རུང་ ཉིནམ་བཞི་ལས་བརྒལ་ ལཱ་འབད་མ་བཏུབ་པས།

ལས་སྡེ་འདི་གི་འཛིན་སྐྱོང་དང་འཁྲིལ་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ གིར་བོཀས་གསརཔ་མཁོ་སྔགས་འབད་དེ་ཡོད་རུང་ བཟོ་ཚར་ཚར་ལུ་ ཟླཝ་དྲུག་དེ་ཅིག་ འགོར་ནི་མས་ཟེར་ཨིན་མས།

གིར་བོཀས་ཉོ་བའི་སྐབས་ལུ་ ལས་སྡེ་འདི་གིས་ གོང་ཚད་དངུལ་ཀྲམ་ས་ཡ་༢་ལྷགཔ་ཅིག་ བཏང་དགོ་ནི་ཨིན་མས།

ལས་སྡེ་འདི་གིས་ ད་རེས་ གིར་བོཀས་་རྙིངམ་ཅིག་བལྟ་དོ་ཡོདཔ་ད་ འདི་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་ཕྱད་ད་༢་དེ་ཅིག་ གནས་ནི་ཨིན་མས།

འཕྲུལ་ཆས་མེདཔ་ཐལ་ཏེ་ཡོད་མི་ལུ་ ལས་སྡེ་འདི་ནང་ལཱ་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ད་ འདི་ཡང་ ག་དེ་ཅིག་འབད་ ལས་སྡེ་འདི་ལུ་རྒུད་ཕོག་པ་ཅིན་ ཁོང་ཆ་ཁྱབ་ གཡོག་བྱང་འོང་མནོ་སྟེ་ཨིན་མས།