གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

སྒོང་རྡོག་གི་གོང་ཚད་ཡར་སེང་སོང་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༧

༉ ཐིམ་ཕུག་ལུ་ འདས་པའི་བདུན་ཕྲག་ནང་ སྒོང་རྡོག་གི་གོང་ཚད་འདི་ ཊེ་རེ་ལུ་ དངུལ་ཀྲམ་བརྒྱ་ལྷགཔ་ཅིག་གིས་ ཡར་སེང་སོང་སྟེ་ཡོདཔ་ལས་ མི་ཚུ་ལུ་ བྱེམ་ཕོག་སྟེ་འདུག

ཨ་རྟག་འབད་བ་ཅིན་ སྒོང་རྡོག་ཊེ་རེ་ལུ་ གོང་ཚད་དངུལ་ཀྲམ་༡༨༠་ལས་ མི་གནས་དོ་ཡོད་རུང་ ད་རེས་ནངས་པ་ ཊེ་རེ་ལུ་ གོང་ཚད་དངུལ་ཀྲམ་༢༨༠་དང་༣༠༠་གི་བར་ན་ ལྷོད་དེ་འདུག

མི་ཚུ་གིས་སླབ་མི་ནང་ སྒོང་རྡོག་གི་གོང་ཚད་འདི་ དེ་སྦེ་རང་སྡོད་པ་ཅིན་ ཐིམ་ཕུག་ལུ་ སྒོང་རྡོག་ཉོ་བཟའ་བས་འདི་ ཤ་ཉོ་བཟའཔ་དྲག་པས་ཟེར་བཤད་ཅི།

འདི་ལུ་ སྒོང་རྡོག་བཙོང་མི་ལ་ལུ་ཅིག་གིས་འབད་བ་ཅིན་ སྒོང་རྡོག་གི་གོང་ཚད་དེ་སྦེ་ཡར་འཛེག་འགྱོ་མི་འདི་ སྒོང་རྡོག་གི་ཐོན་ཤུགས་ མར་ཕབ་སོང་མི་དང་ ཉོ་མི་མང་སུ་སྦེ་ ཐོན་ནི་འདི་གིས་ཨིན་མས་ཟེར་བཤད་ཅི།

རྩི་རང་གི་ བྱ་གསོ་སྐྱོང་ཁང་ཚུ་ནང་ལས་ ད་རེས་ནངས་པར་ ཐིམ་ཕུག་ལུ་ སྒོང་རྡོག་བཀྲམ་སྤེལ་འབད་ནི་འདི་ མར་ཕབ་འགྱོ་སྟེ་ཡོདཔ་ཨིན་མས།

མི་ཚུ་གིས་འབད་བ་ཅིན་ ད་ལྟོ་གི་གནས་སྟངས་ལུ་བལྟ་བ་ཅིན་ སྒོང་རྡོག་གི་གོང་ཚད་འདི་ མར་ཕབ་འགྱོ་ནི་བཟུམ་ མི་མཐོང་པས་ཟེར་ཨིན་མས།

ཨིན་རུང་ ཤ་མ་བཟའ་མི་ཚུ་གི་དོན་ལས་ སྒོང་རྡོག་མ་ཉོ་བར་ ཐབས་རང་མིན་འདུག་ཟེར་བཤད་ཅི།