གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

རྡོ་ཕུག་ཅན་ཁྲོམ་ཁ་ལུ་སྡོད་མི་ཚུ་ ཐོན་འགྱོ་དགོཔ་སྦེ་སླབ་སྟེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༧


༉ བསམ་རྩེ་ རྡོ་རོ་ཁ་སློབ་གྲྭ་ལྟེ་བ་གིས་ རྡོ་ཕུག་ཅན་ཁྲོམ་ཁ་ལུ་སྡོད་མི་ཚུ་ ཐོན་འགྱོ་དགོཔ་སྦེ་སླབ་སྟེ་ཡོད་མི་ལུ་ ཁྲོམ་འདི་ཁ་ལུ་སྡོད་མི་དང་ཚོང་པ་ཚུ་ སེམས་དང་མ་ལྡན་པར་འདུག

འདི་ཡང་ རྡོ་ཕུག་ཅན་ཁྲོམ་ཁའི་ས་ཆ་འདི་ སྤྱི་ལོ་༢༠༡༢་ལས་ སློབ་གྲྭ་ལྟེ་བའི་ཁྲམ་ནང་ལུ་ ཚུད་དེ་ཡོད་ནི་འདི་གིས་ཨིན་མས།

ཚོང་པ་ལ་ལུ་ཅིག་ ཁྲོམ་འདི་ནང་ལུ་སྡོད་དེ་ ལོ་ངོ་༤༠་དེ་ཅིག་ཡང་ ལང་སྟེ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ས་སྒོ་འདི་ནང་ལས་ འགྱོ་ས་ཅིག་ག་ཏེ་ཡང་མེད་ཟེར་ཨིན་མས།

འདི་འབདཝ་ལས་ གཞུང་གི་ཧོངས་ལས་འབད་རུང་ ས་སྒོ་འདི་ནང་ལུ་རང་ སྡོད་ནི་གི་གོ་སྐབས་ཅིག་ གནང་པ་ཅིན་ སྟབས་བདེ་ནི་མས་ཟེར་བཤད་ཅི།

འདི་བཟུམ་སྦེ་ རྡོ་ཕུག་ཅན་རྒཔོ་ པ་དམ་རའི་གིས་རང་འབད་རུང་ ཁྲོམ་གྱི་དོན་ལས་ ས་སྒོ་དྲག་ཤོས་འདི་རང་ ད་རེས་ཡོད་པའི་ཁྲོམ་ཁ་ལུ་འབདཝ་ལས་ གཞུང་གིས་ སློབ་གྲྭ་གི་དོན་ལུ་ ས་ཆ་ གཞན་མི་ཅིག་ནང་ལས་ བདེ་ཐབས་སྒྲིག་ཚུགས་པ་ཅིན་ཟེར་ཨིན་མས།

ཨིན་རུང་ རྡོ་རོ་ཁ་སློབ་གྲྭ་ལྟེ་བའི་སློབ་དབུ་འཛིན་འོགམ་ རིན་འཛིན་རྡོ་རྗེ་གིས་སླབ་མི་ནང་ ས་ཆ་འདི་ སློབ་གྲྭ་གི་དོན་ལུ་ རྩེད་ཐང་རྐྱབ་ནི་དང་ སློབ་དཔོན་ཚུ་གི་སྡོད་ཁྱིམ་རྐྱབ་ནི་ དེ་ལས་ ཨ་ལོའི་གཅེས་སྐྱོང་དང་གོང་འཕེལ་གྱི་དོན་ལུ་ སྒྲིང་ཁྱིམ་ཚུ་རྐྱབ་དགོཔ་ཁག་ཆེཝ་སྦེ་རང་ཡོད་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ སློབ་གྲྭ་འདི་ནང་ལུ་ ས་ཐང་ཟེར་རུང་ ད་རེས་ ཁྲོམ་ཡོད་པའི་ས་སྒོ་འདི་འབདཝ་ལས་ ཁྲོམ་གྱི་དོན་ལུ་ མ་པ་ལས་རང་ འབྱིན་ཐབས་ཅིག་མིན་འདུག་ཟེར་བཤད་ཅི

རྡོ་རོ་ཁ་སློབ་གྲྭ་ལྟེ་བ་གིས་ སློབ་གྲྭ་འདི་གི་ས་ཆའི་འོག་ལུ་ཚུད་མི་ སྡོད་ཁྱིམ་༩་ བརྡལ་བཏང་དགོཔ་སྦེ་སླབ་སྟེ་འདུག

ཁྲོམ་འདི་ཡང་ ས་ཆ་ཨེ་ཀར་༤་དང་དྲིས་མཱལ་༤༠་གི་ནང་ལུ་ཆགས་ཏེ་ཡོདཔ་ད་ འདི་ཡང་ ལོ་ངོ་༢༠་ལྷགཔ་ཅིག་ སོང་སྟེ་ཡོདཔ་ཨིན་མས།

གནད་དོན་འདི་སེལ་ཐབས་ལུ་ རྡོ་རོ་ཁ་དྲུང་ཁག་གིས་ བསམ་རྩེ་རྫོང་ཁག་དང་མཉམ་འབྲེལ་འབད་དེ་ ཚོགས་ཆུང་ཅིག་ བཟོ་སྟེ་ཡོད་མི་འདི་གིས་ མི་ཚུ་དང་ཅིག་ཁར་ གྲོས་བསྟུན་ཞལ་འཛོམས་འགོ་དང་པ་ཡང་ འགོ་འདྲེན་འཐབ་ཅི།