གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

ཤེས་རིག་ལྷན་ཐབས་མ་དངུལ་གྱི་འོག་ལུ་ ཞིབ་འཚོལ་གྱི་གྲོས་འཆར་ ཤོ་ཐེངས་དང་པ་ གདམ་འཐུ་འབད་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༧

༉ ཤེས་རིག་ལྷན་ཁག་གིས་ ཤེས་རིག་ལྷན་ཐབས་མ་དངུལ་གྱི་འོག་ལུ་ ཞིབ་འཚོལ་གྱི་གྲོས་འཆར་ ཤོ་ཐེངས་དང་པ་ ༣༦་ གདམ་འཐུ་འབད་ཡོདཔ་ཨིན།

ལྷན་ཐབས་མ་དངུལ་འདི་ཡང་ སློབ་གྲྭ་ཚུ་ནང་ལུ་ ཞིབ་འཚོལ་གྱི་ལས་རིམ་ཚུ་ རྒྱ་སྐྱེད་བཏང་ཞིནམ་ལས་ སློབ་སྟོན་དང་ཤེས་ཡོན་ལྷབ་སྦྱང་གི་སྤུས་ཚད་ ཡར་དྲག་བཏང་ནི་གི་དོན་ལས་ ན་ཧིང་ འགོ་འབྱེད་འབད་ཡོདཔ་ཨིན།

ཤེས་རིག་ལྷན་ཐབས་མ་དངུལ་ འཐོབ་མི་སློབ་གྲྭ་ཚུ་གི་གྲལ་ལས་གཅིག་ ཐིམ་ཕུག་ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་བར་མ་ཨིན་མས།

སློབ་གྲྭ་འདི་གིས་ སློབ་ཕྲུག་ཚུ་གིས་ རྩིས་ཀྱི་ཆོས་ཚན་ནང་ལུ་ གྲུབ་འབྲས་དེ་ཅིག་ར་བཏོན་མ་ཚུགས་མི་འདི་ ག་ཅི་ལས་བརྟེན་ཏེ་ཨིན་ན་དང་ འདི་ཚུ་ ཡར་དྲག་བཏང་ནི་གི་ཐབས་ཤེས་ཚུ་ བཏོན་ནི་ལུ་གཙོ་བོ་བཏོན་ནི་ཨིན་མས།

 ཤེས་རིག་ལྷན་ཁག་ནང་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་སློབ་གྲྭ་ཚུ་ནང་ལས་ གྲོས་འཆར་༣༨་འཐོབ་ནུག

འདི་ཚུ་ཡང་ སློབ་ཕྲུག་ཚུ་ལུ་ རྒྱལ་རབ་ནང་ཡོད་པའི་ ཚེས་གྲངས་འདི་ཚུ་སེམས་ཁར་བཞག་ནི་ལུ་ ཆ་རོགས་འབད་ནི་ལས་འགོ་བཙུགས་ཏེ་ ལྷག་རིགས་ལུ་སྤྲོ་བ་བསྐྱེད་བཅུག་ནི་གི་ འཆར་གཞི་ཚུ་ཨིན་མས།

ཞིབ་འཚོལ་འདི་ཚུ་ཡང་ སློབ་གྲྭ་ཚུ་ནང་ལུ་ གདོང་ལེན་ག་ཅི་བཟུམ་ར་བྱུང་དོ་ཡོདཔ་ཨིན་ན་དང་ འདི་ཚུ་སེལ་ནིའི་ཐབས་ཤེས་ཚུ་ག་དེ་སྦེ་ར་ཡོདཔ་ཨིན་ན་ བལྟ་ནི་གི་བྱ་རིམ་ཅིག་ཨིན་མས།

ད་རུང་ སློབ་དཔོན་ཚུ་གི་ནང་དོག་ལུ་ ཞིབ་འཚོལ་སྒྲིང་སྒྲིང་འབད་ཞིནམ་ལས་ ཁོང་རའི་ སློབ་སྟོན་གྱི་རིག་རྩལ་ ཡར་དྲག་བཏང་ནི་གི་དོན་ལུ་ཡང་ཨིན་མས།

དུས་ཅི་ ཤེས་རིག་ལྷན་ཐབས་མ་དངུལ་གྱི་འོག་ལུ་ གྲོས་འཆར་༡༠༠་ལུ་ རྒྱབ་བསྐྱོར་འབད་ནི་ཨིན་མས།

གདམ་འཐུ་སྒྲུབ་མི་གྲོས་འཆར་ཚུ་ལུ་ མཐོ་ཤོས་དངུལ་ཀྲམ་སྟོང་ཕྲག་༢༠་འཐོབ་ནི་ཨིན་མས།

ད་རེས་ གདམ་འཐུ་སྒྲུབ་མི་གྲོས་འཆར་ཤོ་ཐེངས་དང་པའི་ སློབ་གྲྭ་ཚུ་གིས་ ཁོང་རའི་ ཞིབ་འཚོལ་གྱི་མཐའ་དཔྱད་སྙན་ཞུ་འདི་ དུས་ཅི་སྤྱི་ཟླ་༩་པའི་ཕུལ་དགོ་ནི་ཨིན་མས།