གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

རྩི་རང་ལུ་ ཆུ་བྱ་དཀརཔོ་རིགས་རྒྱུན་སྤེལ་ནི་གི་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིནམ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༧

༉ འཛམ་གླིང་ནང་ལུ་ རབ་ཆད་ནི་གི་ཉེ་ཁ་ཡོད་པའི་ ཆུ་བྱ་དཀརཔོ་གི་གྱངས་ཁ་ ཡར་སེང་འབད་ནི་གི་དོན་ལས་རྩི་རང་གི་ས་གནས་ ལྕང་ལྕེ་ལུ་སྦེ་ ཆུ་བྱ་དཀརཔོ་རིགས་རྒྱུན་སྤེལ་ནི་གི་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིན་མས།

སྤྱི་ལོ་༢༠༡༡ལོའི་ནང་ ཆུ་བྱ་དཀརཔོ་བཟུང་བཞིནམ་ལས་ རིགས་རྒྱུན་སྤེལ་ཏེ་ གསོ་སྐྱོང་འབད་ནི་གི་ མོ་བཏབ་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ བྱུང་མི་ལས་བརྟེན་ཏེ་ ད་ལས་ཕར་ ཆུ་བྱ་འདི་བཟུང་ཞིནམ་ལས་ རིགས་རྒྱུན་སྤེལ་ཏེ་ ལེགས་ཤོམ་སྦེ་ གསོ་སྐྱོང་འབད་ནི་ཨིན་མས།

འཛམ་གླིང་ནང་ལུ་ ཆུ་བྱ་དཀརཔོ་རིགས་རྒྱུན་སྤེལ་ཚུགས་མི་ ཆ་༡༥གཏན་གཏན་སྦེ་ཡོད་ས་ལས་ ཆ་༥དེ་ཅིག་འདི་ འབྲུག་རྒྱལ་ཁབ་ནང་གི་ ཕོ་ཆུ་དང་ དབང་འདུས་ཕོ་བྲང་གི་ ཧ་ར་རོང་ཆུ་ དེ་ལས་ རྩི་རང་གི་ སྦུ་རི་ཆུ་དང་ གཞལམ་སྒང་ལུ་ སྦེར་སྟི་ཆུ་ཚུ་གི་མཐའམ་བདའ་སྟེ་ཡོདཔ་སྦེ་ཨིན་མས།

ཆུ་བྱ་དཀརཔོ་ཚུ་གིས་ ལོ་གཅིག་ནང་ ཚར་རེ་ རིགས་རྒྱུན་སྤེལ་དོ་ཡོདཔ་དང་ འདི་ཡང་ ཆུ་ཡི་མཐའམ་བདའ་སྟེ་ རིགས་རྒྱུན་སྤེལཝ་ཨིན་མས།

འབྲུག་རྒྱལ་ཁབ་ནང་ ཆུ་བྱ་དཀརཔོ་འདི་ སྤྱི་ལོ་༡༩༧༦ལོའི་ནང་ ཕོ་ཆུ་གི་མཐའམ་བདའ་སྟེ་མཐོང་ཡོདཔ་ཨིན་རུང་ ཆུ་བྱ་འདི་གི་ཚང་འདི་ འགོ་དང་པ་ར་ སྤྱི་ལོ་༢༠༠༣ལོའི་ནང་ དབང་འདུས་ཕོ་བྲང་ ཨ་ཐང་རྒེད་འོག་ནང་ལུ་ མཐོང་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ སྤྱི་ལོ་༢༠༡༦ལུ་ ཆུ་བྱ་དཀརཔོ་གི་ཚང་གསུམ་མཐོང་ཡོདཔ་དང་ འདི་ཚུ་གི་ནང་ལས་ བྱི་ཅུང་༦ཐོན་ནུག

འཛམ་གླིང་ནང་ལུ་འབད་བ་ཅིན་ ཆུ་བྱ་དཀརཔོ་གི་ཚང་མཇུག་འདི་ར་ སྤྱི་ལོ་༡༩༢༩ལུ་ མཱ་ཡེན་མཱར་རྒྱལ་ཁབ་ནང་མཐོང་ནུག

རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ སྤྱི་ལོ་༢༠༠༣ལས་འགོ་བཙུགས་ཏེ་ ཆུ་བྱ་དཀརཔོ་གི་ གྲངས་རྩིས་འདི་ ལོ་བསྟར་བཞིན་དུ་ར་བརྐྱབ་ཡོདཔ་ཨིན་རུང་ བྱ་འདི་གིས་ རིགས་རྒྱུན་སྤེལ་བའི་གནས་ཚད་དང་ འཁྱམས་སའི་ས་སྒོ་ སོར་ཏེ་སྦེ་འགྱོ་མི་ དེ་ལས་ བྱ་འདི་ཚུ་ ཚེ་རིངམོ་ ག་དེ་ཅིག་སྡོདཔ་ཨིན་ན་ཚུ་གི་སྐོར་ལས་ གནད་ཐོ་ཅིག་ ད་ལྟོ་ཡང་མེདཔ་ཨིན་མས།

རིགས་རྒྱུན་སྤེལ་ནི་གི་ལྟེ་བ་གཞི་བཙུགས་འབད་ནི་འདི་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གི་ ཆུ་བྱ་དཀརཔོ་ཉམས་སྲུང་འབད་ནི་གི་ ལས་འགུལ་འོག་ལས་ ལས་རིམ་ཅིག་ཨིན་མས།

ལྟེ་བ་འདི་བརྐྱབ་ནི་གི་དོན་ལས་ ས་སླང་བརྟེན་འབྲེལ་འདི་ འདས་པའི་གཟའ་སྤེནམ་གི་ཚེས་ བརྩི་ཡོདཔ་དང་ ལྟེ་བ་འདི་ སྤྱི་ལོ་༢༠༡༨མཇུག་བསྡུ་ཁམས་ལུ་བརྐྱབ་ཚར་ཏེ་ སྤྱི་ལོ་༢༠༡༩ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཚུགས་པའི་རེ་བ་ཡོདཔ་ཨིན།

ལྟེ་བ་གཞི་བཙུགས་ཀྱི་དོན་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱིས་ མ་དངུལ་རྒྱབ་སྐྱོར་འབད་ནི་ཨིནམ་དང་ ས་ཆ་ཨེ་ཀར་༡༨ལྷགཔ་ཅིག་ནང་བརྐྱབ་ནི་ཨིན་མི་ ལྟེ་བ་འདི་གི་དོན་ལས་ ཟད་འགྲོ་ དངུལ་ཀྲམ་ས་ཡ་༤༦ལྷགཔ་ཅིག་གནས་ནི་ཨིན་མས།