གཟའ་ཟླ་བ། ༢༠༡༨ ཟླ་༩ པའི་སྤྱི་ཚེས་༢༣

འཕྲུལ་ཆས་རྙིངམ་གཡོག་བཀལ་ཏེ་ ཤིང་དྲ་མི་འདི་གིས་ ཤིང་ཆས་ལེ་ཤཱ་ཅིག་རང་ འཕྲོ་བརླག་བཏང་དོ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༠ ༢༠༡༦

༉ ཤིང་དྲ་ཁང་ཚུ་ནང་ལས་ཕར་ ད་རེས་ འཕྲུལ་ཆས་རྙིངམ་གཡོག་བཀལ་ཏེ་ ཤིང་དྲ་མི་འདི་གིས་ ཤིང་ཆས་ལེ་ཤཱ་ཅིག་རང་ འཕྲོ་བརླག་འགྱོ་དོ་ཡོདཔ་སྦེ་ཨིན་མས།

རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༥་ལུ་ ཞིབ་འཚོལ་ཅིག་འགོ་འདྲེན་འཐབ་མི་དང་འཁྲིལ་བ་ཅིན་ ཤིང་དྲ་ནི་གི་འཕྲུལ་ཆས་གསརཔ་ལག་ལེན་འཐབ་པ་ཅིན་ ཤིང་ཆས་འདི་བཟུམ་འཕྲོ་བརླག་འགྱོ་ནི་འདི་ མར་ཕབ་འབད་འོང་ཟེར་ཨིན་མས།

འདི་ཡང་ རང་བཞིན་ཐོང་སྐྱེད་གོང་འཕེལ་ལས་འཛིན་གྱིས་ ན་ཧིང་ ཤིང་དུམ་སི་ཨེཕ་ཊི་ས་ཡ་༢་དེ་ཅིག་ བཀྲམ་སྤེལ་འབད་མི་ལུ་གཞི་བཞག་སྟེ་བལྟཝ་ད་ འཕྲུལ་ཆས་གསརཔ་ལག་ལེན་འཐབ་སྟེ་ ཤིང་དྲ་མི་འདི་གིས་ དངུལ་ཀྲམ་ས་ཡ་༦༤་དེ་ཅིག་གནས་པའི་ཤིང་ སི་ཨེཕ་ཊི་འབུམ་༢་ཚུན་ འཕྲོ་བརླག་འགྱོ་ནི་ལས་ བཀག་ཚུགས་པའི་འོས་འབབ་མཐོང་སྟེ་འདུག

ད་རུང་ འཕྲུལ་ཆས་རྙིངམ་ལག་ལེན་འཐབ་མི་འདི་གིས་ ལོ་བསྟར་བཞིན་ ཤིང་སི་ཨེཕ་ཊི་ས་ཡ་༦་བཏོག་ས་ལས་ དངུལ་ཀྲམ་ཡུདཔ་ཅིག་ ས་ཡ་༡༤༠་དེ་ཅིག་ རྒུད་ཕོག་ནི་ཨིནམ་སྦེ་ མཐོང་ནུག

རང་བཞོན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཀརྨ་འབྲུག་པ་གིས་སླབ་མི་ནང་ ཤིང་དྲ་ཁང་ཚུ་ནང་ལས་ཕར་ འཕྲུལ་ཆས་གསརཔ་ལག་ལེན་འཐབ་མི་འདི་གིས་ ཤིང་འཕྲོ་བརླག་འགྱོ་ནི་ལས་ བརྒྱ་ཆ་༨༠་དེ་ཅིག་གིས་ མར་ཕབ་འབད་ཚུགས་ཟེར་ཨིན་མས།

ཨིན་རུང་ སྒེར་གྱི་ཤིང་དྲ་ཁང་ཚུ་གིས་ འདི་བཟུམ་གྱི་ཤིང་དྲ་ནི་གི་འཕྲུལ་ཆས་ཚུ་བཙུགས་ནི་ནང་ འགྲོ་སོང་ཚུ་བཏང་ནི་ནང་ དཀའ་ངལ་འདུག་ཟེར་བཤད་ཅི།

འདི་ལུ་ འབྲུང་ཤིང་བཟོ་བཟོ་གྲྭ་ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ སངྱས་རྒྱལ་མཚན་གྱིས་སླབ་མི་ནང་ འཕྲུལ་ཆས་གསརཔ་མཁོ་སྒྲུབ་འབད་ནི་འདི་ སྟབས་མ་བདེཝ་མེད་ཟེར་ཨིན་རུང་ ཤིང་དྲ་ཁང་ཚུ་ལུ་ ཤིང་མ་ལངམ་ལངམ་སྦེ་རང་ བཀྲམ་སྤེལ་འབད་དགོཔ་འདུག་ཟེར་ཨིན་མས།

ད་རེས་འབད་བ་ཅིན་ ཤིང་དྲ་ཁང་རེ་གིས་ ཟླཝ་རེ་ནང་ ཤིང་སི་ཨེཕ་ཀྲི་སྟོང་ཕྲག་༡་རྐྱམ་ཅིག་ཐོབ་དོ་ཡོདཔ་སྦེ་ཨིན་མས།