གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ཤར་དང་ནུབ་ཀྱི་གཞུང་ལམ་བདའ་སྟེ་ ལམ་གྱི་གནས་སྟངས་ལས་བརྟེན་ཏེ་ སྣུམ་འཁོར་རྒྱུན་འགྲུལ་གྱི་ནང་ལུ་ དཀའ་ངལ་ཐོན་དོ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༦

bad-highway-east༉ ཤར་དང་ནུབ་ཀྱི་ གཞུང་ལམ་བདའ་སྟེ་ ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ མི་དམངས་སྐྱེལ་འདྲེན་བཱསི་འདི་ཚུ་ ཁོང་རའི་ས་གནས་ནང་ དུས་ཚོད་ཁར་ ལྷོད་མི་ཚུགས་དོ་ཡོདཔ་ཨིན་མས།

གཞུང་ལམ་འདི་ཡང་ དོག་ཁག་ཁ་དང་ བསྡམ་པ་ཁོག་ཁོ་སྦེ་ཡོདཔ་ལས་ ཆརཔ་བརྐྱབ་པའི་སྐབས་ལུ་ གནས་སྟངས་འདི་ ཧེང་བཀལ་ར་ སྐྱོ་སུ་སྦེ་ཐལ་དོ་ཡོདཔ་ཨིན་མས།

བཱསི་གི་ཇོ་བདག་དང་ དེད་གཡོགཔ་ཚུ་གིས་སླབ་མི་ནང་ ལམ་གྱི་གནས་སྟངས་ སྐྱོ་དྲག་སྦེ་ཡོད་མི་ལས་བརྟེན་ཏེ་ འགྲུལ་འཁོར་ཚུ་ཡང་ མེདཔ་བཏངམ་མས་ཟེར་ཨིནམ་མ་ཚད་ ཕྲལ་ཕྲལ་འབད་རང་ ཞག་ལམ་ཁར་ལུསཔ་མས་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཕྱི་རུ་ཞག་བུམ་ཐང་ལུ་སྡོད་དགོ་མི་འགྲུལ་འཁོར་ཚུ་ ཕྲལ་ཕྲལ་ ལམ་གྱི་གནས་སྟངས་ལས་བརྟེན་ཏེ་ ཞག་ བུམ་ཐང་ལུ་མེན་པར་ ཀྲོང་གསར་ལུ་ཡང་ སྡོད་དགོཔ་ཐོན་མས་ཟེར་ཨིན་མས།

མི་དམངས་སྐྱེལ་འདྲེན་བཱས་གི་དེད་གཡོགཔ་ལ་ལུ་ཅིག་གིས་སླབ་མི་ནང་ ཁོང་ལ་ལུ་ཅིག་ ལམ་མ་ཐལ་བར་ ཞག་ལམ་ཁར་ཚར་༢༠་དེ་ཅིག་ཡང་ སྡོད་དགོཔ་ཐོན་ཏེ་ཡོད་ཟེར་བཤད་ཅི།

འདི་འབདཝ་ལས་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འབད་མི་ཁ་འབགཔ་ཚུ་གིས་ གཞུང་ལམ་ཁར་ འཕྲུལ་ཆས་ཚུ་ ཨ་རྟག་ར་བཞག་ཚུགས་པ་ཅིན་ ལམ་བསུབ་སྟེ་ཡོད་མི་ཚུ་ སེལ་ནི་ལུ་ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་མས།

གཞུང་ལམ་གྱི་གནས་སྟངས་ལེགས་ཤོམ་མེད་ནི་འདི་གིས་ ཤར་དང་ནུབ་ཕྱོགས་ཁ་ཐུག་རྒྱུན་འགྲུལ་འཐབ་མི་ འགྲུལ་པ་ཚུ་ལུ་ཡང་ སྟབས་མ་བདེཝ་སྦོམ་སྦེ་རང་ ཐོན་དོ་ཡོདཔ་སྦེ་ཨིན་མས།

ཀྲོང་གསར་ལུ་ཡོད་པའི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་འགན་འཛིན་ རིན་འཛིན་རྒྱ་མཚོ་གིས་སླབ་མི་ནང་ བཱསི་གི་དེད་གཡོགཔ་དང་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ ཆ་རོགས་དགོཔ་སྦེ་སླབ་པའི་སྐབས་ ཁོང་གི་ཁ་ཐུག་ལས་ ག་དེ་མགྱོགས་མགྱོགས་ འབད་བྱིན་དོ་ཟེར་བཤད་ཅི།

ཐིམ་ཕུག་ལས་ ཤར་ཕྱོགས་ཁ་ཐུག་ལུ་ ཉིན་བསྟར་བཞིན་ མི་དམངས་སྐྱེལ་འདྲེན་བཱསི་ ཉུང་ཤོས་ར་༧་དེ་ཅིག་ འགྲོ་འགྲུལ་འབད་དོ་ཡོདཔ་ཨིན།