གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

ས་གནས་གཞུང་གི་གོ་གནས་༦༨་འདི་ སྟོངམ་སྦེ་རང་ ལུས་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༦

lgvacantpost༉ རྒྱལ་ཁབ་ནང་ལུ་ ཁ་ཉིནམ་ ས་གནས་གཞུང་གི་བཙག་འཐུ་ཐེངས་༢་པ་འགོ་འདྲེན་འཐབ་སྟེ་ཡོད་རུང་ ས་གནས་གཞུང་གི་གོ་གནས་༦༨་འདི་ སྟོངམ་སྦེ་རང་ ལུས་སོང་ནུག

འདི་ཡང་ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་རྒྱན་གྱི་གྲུབ་འབྲས་ཚུ་ གཞུང་འབྲེལ་དུ་གསལ་བསྒྲགས་འབད་བའི་སྐབས་ གསལ་སྟོན་བྱུང་ཡི།

ས་སྟོང་༦༨་སྟོངམ་ལུས་ས་ལས་ ༡༢་འདི་ འདེམས་ངོ་ཚུ་གིས་ དགོ་ཟེར་བའི་ཚོགས་རྒྱན་ལས་ མི་དགོ་ཟེར་བའི་ཚོགས་རྒྱན་མང་སུ་འབད་ ཐོབ་མི་ཚུ་ཨིན་མས།

འདི་བཟུམ་སྦེ་ གཞན་མི་ས་སྟོང་༡༡་ལུས་ཏེ་ཡོད་མི་འདི་ འདེམས་ངོ་ཚུ་གིས་ ཚོགས་རྒྱན་འདྲན་འདྲ་སྦེ་ཐོབ་སྟེ་ བཙག་འཐུ་གྲུབ་མ་ཚུགས་མི་ཚུ་ཨིན་མས།

ཨིན་རུང་ ཁྲོམ་སྡེ་ངོ་ཚབ་ཀྱི་ས་སྟོང་རྩིས་ཏེ་ ས་སྟོང་༤༥་འདི་ འདེམས་ངོ་ཐོན་མི་རང་མེད་མི་ལས་བརྟེན་ཏེ་ ས་སྟོང་འབད་ལུས་སོང་ནུག

རྫོང་ཁག་༢༠་ཀྱི་གྲལ་ལས་ ས་གནས་གཞུང་གི་ནང་ལུ་ ས་སྟོང་མཐོ་ཤོས་རང་ དར་དཀར་ན་རྫོང་ཁག་ནང་ལུ་ ས་སྟོང་༨་ལུས་མི་འདི་ཨིན་མས།

འདི་གི་ཤུལ་ལས་རང་ བསམ་གྲུབ་ལྗོངས་མཁར་ལུ་ ས་སྟོང་༦་དང་ མོང་སྒར་དང་ཐིམ་ཕུག་རྫོང་ཁག་ནང་ལུ་ ས་སྟོང་༥་རེ་ལུས་ནུག

བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ས་སྟོང་ལུས་ཏེ་ཡོད་མི་ས་གནས་ཚུ་ནང་ལུ་ དུས་མིན་བཙག་འཐུ་འདི་ཡང་ ཤུལ་མའི་ཉིན་གྲངས་༣༠་གི་ནང་འཁོད་ འགོ་འདྲེན་འཐབ་དགོཔ་སྦེ་ཨིན་མས།

ཁ་ཉིནམ་གི་བཙག་འཐུ་ནང་ལུ་ རྒྱལ་ཁབ་ནང་འཁོད་ ས་གནས་གཞུང་གི་གོ་གནས་མ་འདྲཝ་ཚུ་གི་ནང་ལུ་ འགོ་ཁྲིདཔ་༡༥༠༠་མ་ལངམ་ཅིག་ བཙག་འཐུ་འབད་དེ་ཡོདཔ་ཨིན།