གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་གིས་ དུས་ཅི་ལས་ ཌིབ་ལོ་མ་གི་སྦྱོང་བརྡར་དོན་ལས་ སློབ་ཕྲུག་ ལེན་ནི་བཀག་ཆ་འབད་དེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༦

RIMStopsDiplomaCourse༉ ཐིམ་ཕུག་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་གིས་ དུས་ཅི་ལས་ སློབ་ཕྲུག་ཚུ་ ཌིབ་ལོ་མ་གི་སྦྱོང་བརྡར་དོན་ལས་ ལེན་ནི་འདི་ བཀག་ཆ་འབད་དེ་འདུག

འདི་འབདཝ་ལས་ ཌིབ་ལོ་མ་གི་སྦྱོང་བརྡར་འབད་ནི་གི་ དངས་འདོད་ཡོད་མི་ སློབ་རིམ་༡༢་པ་མཐར་འཁྱོལ་མི་ མང་ཤོས་ཅིག་རང་ སེམས་དང་མ་ལྡན་པར་ཡོདཔ་ཨིན་མས།

ཌིབ་ལོ་མ་གི་སྦྱོང་བརྡར་འདི་ཡང་ སློབ་རིམ་༡༢་པ་མཐར་འཁྱོལ་ཏེ་ མཐོ་རིམ་སློབ་གྲྭ་ཚུ་ནང་ལས་ཕར་ ཤེས་ཡོན་སྦྱང་ནི་གི་གོ་སྐབས་མ་ཐོབ་མི་ཚུ་གིས་ ལེནམ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ད་རེས་ སྦྱོང་བརྡར་བཀག་ཆ་འབད་དེ་བཞག་མི་འདི་གིས་ ཁོང་སློབ་རིམ་༡༢་པ་མཐར་འཁྱོལ་མི་ན་གཞོན་ཚུ་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་སྦྱོང་བརྡར་གྱི་གོ་སྐབས་ཅིག་ མེདཔ་སྦེ་འགྱོ་སྟེ་ཡོད་ཟེར་བཤད་ཅི།

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་གི་ ཡོངས་ཁྱབ་མདོ་ཆེན་ངོ་ཚབ་ འཕྲིན་ལས་རྣམ་རྒྱལ་གྱིས་སླབ་མི་ནང་ སྤེལ་ཁང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བཀའ་རྒྱ་དང་འཁྲིལ་ འབྲེལ་ཡོད་ལས་སྡེ་ཚུ་དང་ཅིག་ཁར་ ཌིབ་ལོ་མ་གི་ཤེས་ཚད་ཡོད་མི་ དགོ་འདོད་ག་དེ་འབད་ཡོད་ག་གི་སྐོར་ལས་ དབྱེ་ཞིབ་འབད་བལྟཝ་ད་ གོ་སྐབས་དེ་ཅིག་རང་མེདཔ་སྦེ་མཐོང་ཡི་ཟེར་ཨིན་མས།

འདི་འབདཝ་ལས་ ཌིབ་ལོ་མ་གི་སྦྱོང་བརྡར་འདི་ ལོ་གཅིག་དང་གཉིས་དེ་ཅིག་ མེདཔ་འབད་བཞག་ནི་སྦེ་ ཐག་བཅད་ཅི་ཟེར་བཤད་ཅི།

ཨིན་རུང་ ཤུལ་ལས་ གནས་སྟངས་འདི་ལེགས་ཤོམ་འགྱོ་ནི་དང་ ཡང་ན་ གཞུང་གིས་ དགོཔ་སྦེ་སླབ་ཐོན་སོང་པ་ཅིན་ སྦྱོང་བརྡར་འདི་ ལོག་སྟེ་རང་ འགོ་བཙུགས་འོང་ཟེར་ཨིན་མས།

རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་གིས་ ཌིབ་ལོ་མ་གི་སྦྱོང་བརྡར་འདི་ཡང་ དངུལ་འབྲེལ་འཛིན་སྐྱོང་དང་ རྒྱལ་ཡོངས་ཁྲིམས་དོན་ དེ་ལས་ བརྡ་དོན་འཛིན་སྐྱོང་གི་ནང་ལུ་ འབྱིནམ་ཨིན་མས།