གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ལུ་ ས་འཇལ་གི་ལས་རིམ་འདི་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ལས་ གོང་འཕེལ་གྱི་ལཱ་ཚུ་ལུ་ བར་ཆད་བྱུང་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༧ ༢༠༡༦

LandSurveyHamperTownPlanning༉ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ལུ་ ས་འཇལ་ནི་གི་ལས་རིམ་འདི་ ད་རེས་ནངས་པར་ འགོ་འདྲེན་འཐབ་དོ་ཡོད་མི་དང་འབྲེལ་ཏེ་ ས་མཚམས་བཀོད་མ་ཚར་བ་ཡོད་མི་ ས་ཡི་ཇོ་བདག་ཚུ་གིས་སླབ་མི་ནང་ ས་འཇལ་ནི་གི་ལས་རིམ་འདི་ དུས་ཡུན་རིངམོ་སྦེ་ར་འགོརཝ་ལས་ ཁོང་གི་ གོང་འཕེལ་གྱི་ལཱ་ཚུ་འབད་ནི་ལུ་ བར་ཆད་བྱུངམ་མས་ཟེར་ཨིན་མས།

ཀུན་ལེགས་བསྟན་འཛིན་འདི་ ཧེ་མ་དཱམ་དཱ་ར་ཟེར་སླབ་སྲོལ་ཡོད་མི་ གནས་གྲ་ཁ་སྨད་ལུ་ ས་ཆ་ཡོདཔ་དང་ ན་ཧིང་སྤྱི་ཟླ་བཅུ་པའི་ནང་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ལུ་ ས་འཇལ་ནི་གི་ལས་རིམ་འདི་ འགོ་བཙུགས་ཞིནམ་ལས་ཚུར་ར་ ཁོ་གིས་ ཁོ་གི་ས་མཚམས་བཀོད་ནི་ བསྒུག་སྟེ་ར་ཡོདཔ་ཨིན་མས།

ཁོ་གིས་ ས་ཆ་འདི་ནང་ལུ་ ཁྱིམ་བརྐྱབ་ནི་སྦེ་ བཟོ་བསྐྲུན་གྱི་ཅ་ཆས་ཚུ་ཡང་ གྲ་སྒྲིག་འབད་ཚར་ཏེ་ཡོདཔ་ཨིན་མས།

རྒྱལ་ཡོངས་ས་ཆ་ལྷན་ཚོགས་ནང་ལས་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁྲོམ་སྡེ་གི་ ས་གནས་ལ་ལུ་ཅིག་ནང་ལུ་ ས་འཇལ་ནི་གི་ལཱ་ཚུ་འབད་བའི་བསྒང་ར་ཡོད་ཟེར་ཨིན་མས།

ས་འཇལ་ནི་གི་ལཱ་འདི་ འགོ་བཙུགས་པའི་སྐབས་ལུ་ ས་འཇལ་མི་ སྡེ་ཚན་བཞི་སྦེ་བཟོ་སྟེ་ཡོདཔ་དང་ སྡེ་ཚན་གཅིག་གིས་ ཁོང་གི་ས་སྒོ་ནང་ཚུད་མི་ས་ཆ་ཚུ་ འཇལ་ཚར་ཏེ་སྦེ་ ལོག་སོང་ཡོདཔ་ཨིན་མས།

གནས་གྲ་ས་གནས་ནང་ལུ་ཕོག་མི་སྡེ་ཚན་འདི་ནང་ལས་ཡང་ འགོ་དཔོན་ཚུ་ ལཱ་བསྐོར་རྒྱབ་སྦེ་ འབད་དོ་ཡོདཔ་ལས་ འགོ་དཔོན་ལ་ལུ་ཅིག་ ལོག་འགྱོ་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ས་འཇལ་མ་ཚར་བའི་བསྒང་ལས་ ཁྲིམས་མཐུན་གྱི་ས་མཚམས་དང་ ས་ཁྲམ་མེད་ནི་འདི་གིས་ ཀུན་ལེགས་བསྟན་འཛིན་བཟུམ་འབད་མི་ ས་ཡི་ཇོ་བདག་ཚུ་གིས་ ཁོང་རའི་ས་ཆ་ནང་ལུ་ བཟོ་བསྐྲུན་གྱི་ལཱ་ཚུ་ ག་ནི་ཡང་འབད་མི་ཚུགས་ནི་ཨིན་མས།

ཁྲོམ་སྡེའི་འགོ་དཔོན་གཅིག་གིས་སླབ་མི་ནང་ སྒེར་གྱི་ས་ཆ་ནང་ལུ་ བཟོ་བསྐྲུན་གྱི་ལཱ་ཚུ་གི་ གནང་བ་སྤྲོད་ནི་གི་དོན་ལས་ ལག་ཁྲམ་འདི་ ངེས་པར་དུ་དགོཔ་སྦེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ནི་ལས་ བཀའ་རྒྱ་ཐོབ་ཏེ་ཡོད་ཟེར་ཨིན་མས།